༄༅།། ཁྱོད།

རྫ་སྐྱེས་ཕུར་བ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-14



འདི་ནས་རླུང་དག་འཇགས་པ་ན། །

ལས་ཀྱི་ཁྲུས་རྫིང་སླར་ཡང་མཐོང་། །
དུས་ཚེ་ཁྱོད་ཀྱི་སྐྱེ་མཆེད་རེས། །
བདག་ལ་འཇའ་འོད་བདོག་པར་བྱེད། །
ནམ་རྒྱུན་འཁྱུག་ཙམ་འཁྱུག་ཙམ་ངང་། །
མིག་གི་ལྡེབས་ལ་འོང་བ་ཁྱོད། །
མཚན་ནུབ་དུ་མའི་མནལ་ལམ་ནས། །
མཇལ་ཞིང་འོང་སྟེ་ལོབས་པར་གྱུར། །
སྐྱེ་བ་རེ་རེའི་ལྗོན་པ་ནི། །
དུས་བཞིན་འགྱེལ་ཞིང་བརྗེས་ཏེ་འགྲོ །
ཁྱད་མཚར་སྙམ་ཡང་མངོན་སུམ་དུ། །
གསལ་གསལ་མཐོང་བས་གོམས་པར་གྱུར། །
ཁྱོད་ཀྱི་སྐྱེ་མཆེད་རེ་རེ་ཡི། །
ལྗོན་པ་དག་ནི་སྔོན་བཞིན་གནས། །
བདག་ལ་འོད་ཀྱིས་ཕྱོགས་པ་དང་། །
གླིང་བུའི་གདངས་ཤིག་སློབ་པར་བྱེད། །
ཁྱོད་ཀྱི་གླིང་བུའི་འགྱུར་ཁུགས་རེར། །
རི་ཀླུང་མང་དུ་མཆིས་པ་ཡིས། །
བདག་ནི་དུས་ཀུན་ཉན་མོད་ཀྱང་། །
ཕ་མཐའི་རྒྱ་ཁྱོན་རྙེད་མ་གྱུར། །
སྐལ་བའི་ལམ་ནི་འགྱུར་ཞིང་འདུག །
ལམ་གྱི་གྲུ་ཡང་གཡོ་བཞིན་མོད། །
ཁྱོད་ཀྱིས་བདག་ལ་བསྟན་པ་ནི། །
མཚན་ནུབ་དེ་ཡི་ཟླ་འོད་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1