༄༅།། ཐུམ་འབུའི་ནད་ཀྱི་སྔོན་འགོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16


        ཐུམ་འབུའི་ནད་ནི་མིའི་ལུས་ཕུང་ལ་ཁྱིའི་ལུས་སྟེང་གི་རྒྱུ་སྲིན་ལེབ་མོའི་འབུ་སྒོང་འགོས་པར་བརྟེན་ནས་བྱུང་བའི་ནད་རིགས་ཤིག་ཡིན། རྒྱུ་སྲིན་ལེབ་མོ་དེ་ཁྱི་སོགས་ཤ་གཟན་སྲོག་ཆགས་ཀྱི་རྒྱུ་ནག་ནང་དུ་གནས་ཤིང་། དུས་ངེས་ཅན་ཞིག་ལ་ཐོན་དུས་རྒྱུ་སྲིན་ལེབ་མོ་དེས་སྒོ་ང་གཏོང་བ་དང་། འབུ་སྒོང་དེ་ཁྱིའི་གཅིན་སྐྱག་དང་བསྟུན་ནས་མི་རྣམས་ཀྱི་མཐའ་འཁོར་གྱི་ཁོར་ཡུག་ཁྲོད་གཏོར་བ་ཡིན། དེ་བས་མིའི་ལག་པ་དང་། གྱོན་གོས། རྒྱུན་སྤྱོད་མཁོ་ཆས་སོགས་ཀྱི་སྟེང་དུ་འགོས་སླ། དེ་ལས་གཞན་ཁྱིའི་སྤུ་དང་། ལུག་བལ། རྩྭ་སྐམ། ཆུ་སོགས་མིར་འབྲེལ་བ་ཡོད་པའི་དངོས་པོར་བརྒྱུད་ནས་མི་ལ་འགོས་སྲིད། འབུ་སྒོང་ཧ་ཅང་ཆུང་བས་མིའི་མིག་དབང་གིས་མཐོང་མི་ཐུབ། གལ་ཏེ་མི་ཡིས་ཁ་ནང་དུ་འབུ་སྒོང་སོང་ན་དེའི་རྒྱུ་ནག་ཁྲོད་འབུ་ཕྲུག་སྐྱེས་པ་དང་། རྒྱུ་ལྡེབས་བརྟོལ་ཏེ་ཁྲག་གི་འཁོར་རྒྱུག་དང་བསྟུན་ནས་མིའི་ལུས་ཕུང་གི་དབང་པོ་སོ་སོ(གཙོ་བོ་མཆིན་པ་དང་གློ་བ)སྟེང་འགོས་ནས། རིམ་གྱིས་ནར་སོན་ནས་ཁུག་མ་ལྟ་བུའི་སྐྲངས་པ་རུ་འགྱུར་ངེས་ཤིང་། དེའི་ནང་དུ་ཆུ་ལྟ་བུའི་གཤེར་གཟུགས་ཀྱིས་བཀང་བ་སྟེ། འབུ་ཐུམ་ལ་ལའི་སྐྲངས་པ་ནི་རྒྱ་མ་བཅུ་ཕྲག་བར་དུ་ཇེ་ཆེར་སོང་ནས་དབང་བོ་གནོན་ངེས་ཡིན། གལ་ཏེ་སྐྲངས་པ་བརྡོལ་སོང་ན་མཇུག་འབྲས་ཚབས་ཆེན་འབྱུང་ངེས་ལ། ཚབས་ཆེ་ན་ཚེ་སྲོག་ལའང་གནོད་པ་འབྱུང་ངེས། ནད་འདིའི་ནད་རྟགས་གཙོ་བོ་ནི་གསུས་ཁོག་གི་གཡས་ཕྱོགས་ཡར་འཚང་ནས་མི་བདེ་བ་དང་། མཆིན་པའི་ཕྱོགས་ན་བ། མཆིན་པའི་ནུས་པར་གནོད་སྐྱོན་བྱུང་བ། འཇུ་ལམ་གྱི་ནད་རྟགས་སོགས་འབྱུང་ངེས། སྔོན་འགོག་བྱེད་ན་མི་སྒེར་གྱི་གཙང་སྦྲ་དང་འགོག་སྲུང་ལ་མཉམ་འཇོག་བྱ་དགོས་ཏེ། ཟ་མ་མ་ཟོས་གོང་ལ་ལག་པ་བཀྲུ་བ་དང་སྔོ་ཚལ་དང་སིལ་ཏོག་གཙང་མར་བཀྲུ་བ། ནད་མཆེད་པའི་ས་ཁུལ་དུ་ཁྱི་སོགས་ལ་མི་ཐུག་པ། ཆ་རྐྱེན་འཛོམས་ན་ཁྱིའི་ལུས་སྟེང་དུ་རྒྱུ་སྲིན་ལེབ་མོ་ཡོད་མེད་ལ་ཞིབ་གཤེར་བྱ་དགོས།

1.ཁྱི་ལྡོམ་མེད་པར་བཟོ་བ་དང་། སྒོ་ཁྱི་ལ་བདག་སྐྱོང་ལེགས་པོ་བྱས་ནས་ཁྱིའི་གཅིན་སྐྱག་དེ་རྩྭ་ས་དང་། ཟོག་ཆས། ཆུ་སོགས་སུ་འགོ་བར་སྔོན་འགོག་བྱེད་དགོས། ལུག་ཁྱུ་ལ་ནད་འགོ་བར་སྔོན་འགོག་བྱ་པ་དང་། ཟོག་བཤའ་བར་དོ་དམ་ལེགས་པོ་བྱ་པ། ཁྱི་ལ་མི་རྩེད་བ་དང་ཟས་བཙོས་མི་ཟ་བ། ཆུ་ཁོལ་འཐུང་བ་སོགས་བྱས་ཐོག འབུ་སྒོང་འགོས་ཡོད་པའི་དངོས་པོ་དང་ཟ་མ། ཆུ་སོགས་དང་རྒྱང་བཅད་ན། ཐུམ་འབུའི་ནད་སྔོན་འགོག་ལེགས་པོ་བྱ་ཐུབ།
2.སྔོན་འགོག་བྱེད་ན་མི་སྒེར་གྱི་གཙང་སྦྲ་དང་འགོག་སྲུང་ལ་མཉམ་འཇོག་བྱ་དགོས་ཤིང་། ཁྱི་ལ་ཐུག་པ་དང་ཟ་མ་མ་ཟོས་སྔོན་ལ་འདག་རྫས་ཀྱིས་ལག་པ་གཙང་མར་བཀྲུ་དགོས། དེ་ནི་ཐུམ་འབུའི་ནད་འགོག་པའི་བྱ་སྤྱོད་གལ་ཆེན་ཞིག་ཡིན། སྔོ་ཚལ་དང་སིལ་ཏོག་གཙང་མར་བཀྲུ་དགོས་ཤིང་། ནད་མཆེད་པའི་ས་ཁུལ་དུ་ཁྱི་ལ་ཐུག་མི་རུང་། ཆ་རྐྱེན་འཛོམས་ན་ཁྱིའི་ལུས་སྟེང་དུ་རྒྱུ་སྲིན་ལེབ་མོ་ཡོད་མེད་ལ་ཞིབ་བཤེར་བྱ་དགོས།
3.ཁྱི་ལ་དུས་བཅད་ལྟར་འབུ་གསོད་པ་ནི་ཐུམ་འབུའི་ནད་འགོ་བར་ཚོད་འཛིན་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ཏེ། ཁྱི་རེ་རེར་འབུ་གསོད་པ་དང་ཟླ་རེ་རེར་འབུ་གསོད་པ་ནི་བྱེད་ཐབས་ལེགས་པོ་ཞིག་ཡིན།
4.ཐུམ་འབུའི་ནད་བྱུང་བའི་སྐམ་ཤ་དང་ལུག་ཤའི་ཁྲོད་འབུ་ཕྲུག་མང་པོ་ཡོད་པས། ཁྱིས་ཟས་རྗེས་དེའི་ལུས་ནང་དུ་འབུ་རུ་འགྱུར་པར་མ་ཟད། འབུ་སྒོང་མང་པོ་ཞིག་ཕྱིར་བཏང་ནས་ཁོར་ཡུག་ལ་འབག་བཙོག་བཟོས་ཏེ་ཐུམ་འབུའི་ནད་དེ་མི་ཚོགས་དང་ཕྱུགས་གསོག་ཁྲོད་འགོས་ངེས་པས། ཐུམ་འབུའི་ནད་བྱུང་བའི་ནང་ཁྲོལ་དང་ཟོག་རོ་སོགས་མེར་བསྲེག་པའམ་ཡང་ན་ཁྱི་ཡིས་ཟ་མི་ཐུབ་པའི་གནས་སུ་སྦེད་དགོས།
5.ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་དང་ཁོར་ཡུག་ལ་གཙང་སྦྲ་ཡག་པོ་བྱ་དགོས།
6.ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པར་རྒྱལ་ཁབ་ཀྱིས་རིན་མི་ལེན་པར་ཐུམ་འབུའི་ནད་འགོག་པའི་སྨན་རྫས་དང་སྨན་བཅོས་འདོན་སྤྲོད་བྱེད་ངེས། གཤགས་བཅོས་ཀྱི་ཆ་རྐྱེན་དང་འཚམ་པའི་ནད་པར་གཤགས་བཅོས་ཀྱི་རོགས་སྐྱོབ་གནང་ངེས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1