༄༅།། པུ་ཤུད།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-20


        པུ་ཤུད་ཀྱི་མགོ་ན་མིག་ལ་མཛེས་པའི་ཟེ་སྒྲོ་ཡོད་ལ་ནམ་རྒྱུན་ལྟེབ་ནས་ཡོད་པས་མངོན་གསལ་མིན་ཡང་ཡར་རྩེང་ན་རླུང་གཡབ་ཤིག་དང་མཚུངས། དེ་ནི་པུ་ཤུད་གྲགས་པའི་སྐབས་སུ་རེ་འཇགས་རེ་ལངས་ཡིན། མཆུ་ཏོ་རིང་ཞིང་རྩེ་མོ་མར་འཁྱིལ་ཡོད། ནམ་རྒྱུན་ཞིང་ཚིགས་དང་སྡོང་རྭ། གྲོང་ཕྱིའི་སྡོང་མགོ་སོགས་སུ་ཡོད་ཅིང་གནོད་འབུ་ཟ་བར་མཁས་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་པས་ནགས་ཚལ་དང་རྨོ་ཞིང་གི་ཕྱོགས་ལ་ནུས་པ་གལ་ཆེན་ཐོན་བཞིན་པའི་བྱ་རིགས་ཤིག་ཡིན་ཞེས་བཤད་ཀྱང་ཆོག  

        པུ་ཤུད་ཀྱི་མགོའི་ཟེ་སྒྲོའི་རྩེ་མོ་ནག་པོ་ཡིན་ལ་སྟེང་དུ་ཁྲ་ཐིག་དཀར་པོ་ཙམ་བབས་ཡོད་པ་དང་གཤོག་སྒྲོ་སྔོན་མར་གཤོག་པ་བཅུ་དང་གཤོག་པ་རྗེས་མ་ལ་ཡང་གཤོག་བཅུ་ཡོད། སྡེར་མོ་ཐུང་ཞིང་ཆ་འགྲིག་མིན། སྐེ་སྐོར་དང་བྲང་ངོས་ལི་ཁྲིའི་མདོག་ཡིན་ཞིང་སོག་མགོ་དང་རྒྱབ་གཞུང་གི་སྒྲོ་སྤུའི་ཁ་དོག་ཕུག་མདོག་ཡིན། རྐེད་པའི་སྒྲོ་སྤུའི་ཁ་དོག་དཀར་པོ་ཡིན། གཤོག་ཟུང་སྟེང་གི་སྒྲོ་སྤུ་ཕལ་ཆེར་ནག་པོ་ཡིན་ལ་སྒྲོ་སྤུ་ནག་པོའི་སྟེང་ལ་དཀར་ཐིག་གམ་སེར་ཐིག་བབས་ཡོད། སྒལ་གཞུང་དཀར་པོ་དང་མཇུག་སྒྲོ་ནག་པོ་དཀྱིལ་དུ་དཀར་ཐིག་ཡོད།  

        ལྗིད་ཚད་ཕོ་ལ་ཁེ53ནས་ཁེ་81དང་མོ་ལ་ཁེ་55ནས་ཁེ་90ཡོད་ལ། གཟུགས་པོའི་རིང་ཚད་ཕོ་ལ་ཧའོ་སྨི་266ནས་ཧའོ་སྨི་312དང་མོ་ལ་ཧའོ་སྨི་245ནས་ཧའོ་སྨི་300ཡོད། མཆུ་ཏོའི་རིང་ཚད་ཕོ་ལ་ཧའོ་སྨི་47ནས་ཧའོ་སྨི་59དང་མོ་ལ་ཧའོ་སྨི་43ནས་ཧའོ་སྨི་56ཡོད། གཤོག་སྒྲོའི་རིང་ཚད་ཕོ་ལ་ཧའོ་སྨི་140ནས་ཧའོ་སྨི་158དང་མོ་ལ་ཧའོ་སྨི་136ནས་ཧའོ་སྨི་157ཡོད། རྔ་མའི་རིང་ཚད་ཕོ་ལ་ཧའོ་སྨི་95ནས་ཧའོ་སྨི་124དང་མོ་ལ་ཧའོ་སྨི་90ནས་ཧའོ་སྨི་110ཡོད། སྡེར་མོའི་རིང་ཚད་ཕོ་ལ་ཧའོ་སྨི་18ནས་ཧའོ་སྨི་27དང་མོ་ལ་ཧའོ་སྨི་20ནས་ཧའོ་སྨི་25ཡོད་པ་ཡིན། 
        པུ་ཤུད་ཀྱིས་ས་སྟེང་ནས་ཁ་ཟས་འཚོལ་བ་དང་འཕུར་དབྱིབས་རྦ་རླབས་དང་མཚུངས་ལ་ཡང་མོས་འཕུར་སྟངས་མིག་ལ་མཛེས། སྤྱིར་བཏང་དུ་ཁེར་རྐྱང་དང་ཆ་རེ་བྱས་ཏེ་འཕུར་བ་ཡིན་ཞིང་ས་ཐོག་ནས་འགྲོ་བཞིན་པའི་སྐབས་སུ་འགྲོ་ཞོར་དང་རྒུམ་བུ་འཐུ་ཞོར་དུ་འགྲོ། གཤིས་ཀ་ཅུང་འཇམ་ལ་མི་ལ་དེ་འདྲའི་མི་སྐྲག 
        སྐྱེ་འཕེལ་དུས་ཡུན་ནི་ཟླ་བ་བཞི་པ་ནས་ཟླ་བ་དྲུག་པ་ཡིན་པ་དང་ཆ་རེ་བྱས་ཏེ་བྱ་ཚང་གི་ནང་ནས་སྦྱོར་སྤྲོད་བྱེད་པ་ཡིན། མཚམས་ལན་རེར་ཕོ་བྱའི་བར་དུ་སྦྱོར་སྤྲོད་བྱ་ཡུལ་གྱི་མོ་བྱ་འཕྲོག་རྩོད་བྱེད་པའི་སྣང་ཚུལ་ཡོད་ཅིང་། མོ་བྱས་འགྲམ་ལོགས་ནས་ལྟད་མོར་བལྟ་ཞིང་རྒྱལ་ཁ་ཐོབ་མཁན་དང་ཁྱུ་སྡེབ་པའི་སྲོལ་ཡོད། དུས་རྒྱུན་དུ་བྱ་ཚང་ནི་ནགས་མཐའ་དང་ནགས་ཁྲོད་ཀྱི་རང་བྱུང་ཀྱི་ཁུང་བུ་དང་བྱ་རིགས་གཞན་པས་བསྐྱུར་ཟིན་པའི་ཚང་དུ་བཅོས་ཡོད། 

        ལོ་གཅིག་ལ་སྐྱེ་འཕེལ་ཐེངས་གཅིག་རེ་བྱེད་པ་དང་ཚང་རེ་ནས་སྒོ་ང་དྲུག་ནས་བརྒྱད་གཏོང་བ་ཡིན་མོད་མཚམས་ལན་རེར་ལྔ་དང་ཆེས་མང་དུས་དགུ་དང་ཐ་ན་བཅུ་གཉིས་གཏོང་བའང་ཡོད་ཅིང་སྒོ་ངའི་ཚུགས་ཀ་སྒོང་དབྱིབས་ནར་མོ་དང་ཁ་དོག་སྐྱ་ཤས་ཆེ། 

        སྒོ་ང་རུམ་པའི་ལས་ཀ་གཙོ་བོ་ཨ་མས་ཁག་འཁུར་ཡིན་ལ་ཉིན་བཅོ་བརྒྱད་ཙམ་འགོར་ན་གས་པ་ཡིན། བྱིའུ་ཕྲུག་ཉིན་ཉེར་དྲུག་ནས་ཉིན་ཉེར་དགུ་ཙམ་ལ་ཨ་མས་གསོས་རྗེས་ཚང་དང་བྲལ་ནས་འཕུར་འགྲོ་བ་ཡིན། །

        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1