༄༅།། ཁ་བ་དཀར་པོར་གནས་མཇལ་དུ་འགྲོ་བའི་དུས་ཚོད་དང་ལམ་ཐིག

ཀྲང་གོ་ཧྭ་དང་ཚེ་རིང་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21


        གནས་མཆོག་ཁ་བ་དཀར་པོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ངམ་འཇོལ་རྫོང་གི་ཁོངས་སུ་གཏོགས་ཤིང་། རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། འབྲི་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་གཤིབ་ནས་འབབ་པའི་ཡུལ་ཕུན་སུམ་ཚོགས་པ་དེ་རུ་བརྗིད་ཆགས་པར་མངོན། དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི6740ཡོད་ལ། ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་ཆེས་མཐོ་བའི་གངས་རི་ཁྱད་དུ་འཕགས་པ་ཞིག་ཡིན།   
        འདིར་གནས་ཆེན་ཁ་བ་དཀར་པོར་མཇལ་སྐོར་དུ་འགྲོ་བའི་དུས་ཚོད་ཡག་ཤོས་དང་འགྲོ་དུས་ས་ཆ་གང་དག་བརྒྱུད་དགོས་པ། ལམ་ཐིག་གང་ཞིག་བཟང་མིན། ཡུལ་སྐོར་བྱེད་པའི་གནས་ཚུལ། ལམ་བར་དུ་མཛེས་ལྗོངས་གང་དག་མཐོང་ཐུབ་པ། གནས་དེའི་ཡུལ་མིས་ཁ་བ་དཀར་པོར་སྐྱབས་བཅོལ་དང་དད་མཆོད་བྱེད་པའི་གནས་ཚུལ་རེ་ངོ་སྤྲོད་རགས་ཙམ་བྱེད་པར་འཚལ།   
 
 
འགྲོ་བའི་དུས་ཚོད། 
        གནས་མཆོག་ཁ་བ་དཀར་པོར་བསྐྱོད་པའི་དུས་ཚོད་ཡག་ཤོས་ནི་ལོ་ལྟར་གྱི་སྤྱི་ཟླ་བཞི་པ་དང་ལྔ་པ་ཡང་ན་བཅུ་པ་བཅས་ཡིན།
 
ལམ་ཐིག 
        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་བདེ་ཆེན(འཇོལ)རྫོང་མཁར་ལ་བསྐྱོད་པ་དང་། དེ་ནས་གཡུ་སྤུངས་གྲོང་ཚོར་བསྐྱོད། གྲོང་ཚོ་དེ་ནས་ཡར་ཆུ་ཚོད་གཉིས་ཀྱི་སར་སོང་ན་ཁ་བ་དཀར་པོའི་རི་འདབས་ལ་ཐོན། སྨན་རི་གངས་རིའམ་ཁ་བ་དཀར་པོ་འདི་ནི་བོད་རིགས་མང་ཚོགས་ཀྱི་སེམས་ནང་དད་པ་བྱ་ཡུལ་གྱི་གངས་རི་གྲགས་ཆེ་བ་ཞིག་ཡིན། ཡུལ་ཤུལ་དང་། ཆབ་མདོ། དཀར་མཛེས། བདེ་ཆེན་ས་ཆའི་བོད་རིགས་མང་ཚོགས་ཀྱིས་གནས་བསྐོར་བྱེད་སའི་ཡུལ་གཙོ་བོ་ཞིག་ཡིན། ལྷག་པར་དུ་ལུག་གི་ལོ་ལ་ཡུལ་འདིར་གནས་སྐོར་བྱེད་མཁན་གྲངས་མ་ཆད་པར་ཡོད། ལམ་བར་ནས་སྐུ་ཉིད་ཀྱིས་མཐོ་སྒང་གི་ཡུལ་གྲུ་ཆགས་དབྱིབས་དང་། བོད་མིའི་སྡོད་ཁང་། ས་ཞིང་། ལོ་ཏོག གནའ་བོའི་ཤིང་སྡོང་། བོད་མིའི་འཚོ་བ་སྐྱེལ་སྟངས། གངས་རིའི་མཛེས་ཉམས། རྩི་ཤིང་སྣ་ཚོགས། མཐོ་སྒང་གི་ནམ་ཟླ། རྦབ་ཆུ་ལ་སོགས་པའི་སྣོད་བཅུད་ཀྱི་ངོ་མཚར་རིག་གནས་ཉམས་སུ་མྱོང་ཐུབ། 
        
སེམས་ཀྱི་ཉི་ཟླ་ནས་གཡུ་སྤུངས་གྲོང་ཚོ་དང་། མེ་ལོང་འཁྱགས་ཀླུང་གཉིས་ལ་མཇལ་སྐོར་བྱེད་ན་ཉིན་ལྔ་ཡི་བཞུད་ལམ་དགོས། ལམ་བར་ནས་རྟ་དྲེལ་གླས་ནས་སོང་ཆོག  མེ་ལོང་འཁྱགས་ཀླུང་གི་ལམ་རྐེད་དུ་རླངས་འཁོར་ཆུང་བར་བསྡད་ནས་སོང་ན་ཡང་ཆོག ནང་སྐོར་ལ་ཕལ་ཆེར་ཉིན་གསུམ་ནས་བཞིའི་དུས་ཚོད་དགོས།    
        
ཁ་བ་དཀར་པོར་ཕྱི་སྐོར་བྱེད་པའི་ལམ་ཐིག་ནི། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འཇོལ་རྫོང་མཁར་བར། འཇོལ་རྫོང་མཁར་ནས་རྐང་ཐང་གིས་བསྐྱོད་པའི་འགོ་རྩོམ་དགོས། ལམ་བར་གྱི་རི་ངོས་ཅུང་གཟར་བས་གཞན་དང་གྲོགས་སྒྲིག་ནས་འགྲོ་ན་ལེགས། ཕྱི་སྐོར་ལ་སྤྱི་ལེ163ཡི་བར་ཐག་བརྒྱུད་དགོས། ལམ་བར་ནས་ཟླ་ཆུ་དང་། རི་མཐོའི་སྐྱེ་དངོས་གླིང་ག རྒྱལ་མོ་རྔུལ་ཆུའི་གྲོག་རོང་། བོད་ལྗོངས་ཁྲ་ཟུང་གི་ས་ཞིང་། བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་དང་གནས་ཤུལ། སྐྱེ་ཁམས་ཁོར་ཡུག་དང་མི་རིགས་རིག་གནས་བཅས་ལ་རྒྱུས་ལོན་བྱས་ཆོག ཕྱི་སྐོར་ལ་རྒྱུན་པར་ཉིན་བདུན་ཡས་མས་ཀྱི་དུས་ཚོད་དགོས་འདུག   


(རྩོམ་འདི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1