༄༅།། ཆགས་པ་སྤྱད་དྲགས་ན་ཤེས་པར་གནོད་པ་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། 03-28


        ཆགས་སྤྱོད་ནི་ན་ཚོད་རན་པའི་སེམས་ཅན་མང་ཆེས་བར་འཚོ་བའི་ཁྲོད་དུ་མེད་མི་རུང་བ་ཞིག་ཡིན་མོད། དེ་ཡང་ཚད་དང་རན་པར་སྤྱད་ན་ཕན་པའི་ལས་སུ་གཏོགས་ཀྱང་། མང་དྲགས་ན་ལུས་ཟུངས་སྤྱི་ལ་གནོད་པ་མ་ཟད།  སྒོས་སུ་ཤེས་པ་ལ་གནོད་འགྲོ།  དེང་རབས་གསོ་རིག་གིས་ཤེས་པ་ནི་ཀླད་པ་ཁོ་ནའི་བྱེད་ལས་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་རང་ལུགས་ལ་དེ་ལྟར་མ་ཡིན་པར་ཀླད་སྙིང་གཉིས་ཀར་འབྲེལ་བ་ཞིག་གོ།   སྐྱེས་པའི་ཁུ་བ་ནི་རྐང་གི་དྭངས་ལས་བྱུང་དང་།  རྐང་ཞེས་པ་ཡང་རུས་རྐང་གི་སྦུབས་སུ་གནས་པའི་སྣུམ་ཞག་དེ་ཁོ་ན་ཙམ་ལ་གོ་བ་མ་ཡིན་པར་སྒལ་གཞུང་ལ་གནས་པའི་རྒྱུངས་པ་དང་ཀླད་པ་གཉིས་ཀྱང་རྐང་གི་ཁོངས་སུ་གཏོགས་པ་ཡིན་པས། ཁུ་བ་ནི་ཀླད་པ་དང་རྒྱུངས་པ། རྐང་མར་བཅས་ཀྱི་དྭངས་མ་ཡིན་ནོ།། ཆགས་པ་སྤྱད་དྲགས་ནས་ཁུ་བ་ཟད་པ་ནི་ཀླད་པ་དང་རྒྱུངས་པ། རྐང་མར་བཅས་ཀྱི་དྭངས་མ་ཟད་པ་ཡིན་ལ། རྒྱུད་ལས། དབང་པོའི་ཡུལ་ལ་འཆར་བར་བྱེད་པའི་རྩ།། ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།། ཞེས་དབང་ལྔ་ཡུལ་འཇུག་པའི་ཤེས་པའི་བདག་རྐྱེན་དེ་ཀླད་པར་འབྲེལ་བས་ཀླད་པའི་དྭངས་མ་ཟད་པ་དང་ཉམ་དུ་དབང་ལྔ་ཡུལ་ལ་འཇུག་པའི་ནུས་པ་ཞན་དུ་འགྲོ་བ་དང་། ཡང་རྒྱུད་ལས། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ།། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར།། ཞེས་འདས་དོན་དྲན་ཞིང་གསལ་བར་བྱེད་པའི་རྩ་ནི་སྙིང་ལ་གནས་པ་དང་། ཆགས་པ་སྤྱོད་པའི་སྐབས་སྙིང་གི་འཕར་ཚད་ཇེ་མགྱོགས་དང་ཇེ་དྲག་ཏུ་འགྱུར་བ་སོགས་ཀྱིས་སྙིང་གི་བྱེད་ནུས་ཉམས་ཞན་དུ་འགྲོ་བ་དང་། དེ་བཞིན་དེ་དང་འབྲེལ་བའི་དྲན་དབང་གི་ནུས་པ་ཇེ་ཞན་དུ་འགྱུར་འགྲོ་བས་ཆགས་པ་སྤྱད་དྲགས་ན་དབང་ཤེས་ཀྱི་རྩ་བའི་ནུས་པ་ཇེ་ཞན་དུ་འགྱུར་རོ།། དེ་བས་ཆགས་སྤྱོད་རན་པར་བྱ་དགོས་དེ། དཔལ་ལྡན་རྒྱུད་བཞི་ལས། དགུན་དུས་རོ་ཙས་དྲེགས་ཚེ་བཀག་པ་མེད། །སྟོན་དཔྱིད་ཞག་གཉིས་དབྱར་སོས་ཟླ་ཕྱེད་སྤྱད། གཞན་དུ་བུད་མེད་ལ་ཞུགས་དབང་པོ་ཉམས། །མགོ་འཁོར་དུས་མིན་འཆི་བར་བྱེད་པ་ཡིན། ཞེས་གསུངས་པ་ལྟར་དགུན་དུས་མང་དུ་སྤྱོད་པ་དང་། སྟོན་ཀ་དང་དཔྱིད་ཀ་གཉིས་སུ་ཉིན་ཞག་གཉིས་ཀྱི་མཚམས་ནས་ར་རེ་དང་། དབྱར་དང་སོ་གའི་དུས་སུ་ཉིན་བཅོ་ལྔའི་མཚམས་ནས་རེ་རེ་སྤྱོད་པ་ནི་ཟུངས་སྟོབས་ལ་མི་གནོད་པར་ཕན་པར་འགྱུར་རོ།།  ཡིན་ཡང་ལངས་ཚོ་དར་ལ་བབས་ཅིང་རོ་ཙའི་སྟོབས་དྲགས་ཚེ་ཁུ་བའི་ཤུགས་དེ་ཡང་བཀག་པར་མི་བྱ་བར་གང་མཚམས་ཀྱིས་སྤྱོད་པར་བྱའོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1