༄༅།། བོད་ཡིག་གི་གྲངས་བཅད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 03-28


 
        ས་སྐྱ་གོང་མ་རྣམ་ལྔའི་ནང་ཚན་སློབ་དཔོན་བསོད་ནམས་རྩེ་མོ་མཆོག་གིས་༼བྱིས་པ་བདེ་བླག་ཏུ་འཇུག་པ་༽ཞེས་བྱ་བའི་ཡི་གེ་བཀླག་ཐབས་སུ་བོད་ཡིག་འདི་ལ་བཀླག་པར་བྱར་ཡོད་པའམ་བརྗོད་དུ་རུང་ཚད་ཀྱི་ཡི་གེ་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔར་གྲངས་བཅད་མཛད་ཡོད་པར་བཤད་ལ། ཡང་ཉེ་རབས་ཀྱི་མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་མཆོག་གི་༼ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན་༽ལས། བོད་ཡིག་འདི་ལ་བྲིས་ནས་བཀླག་ཏུ་རུང་བའི་ཡིག་གྲངས་ནི་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཉིས་ཡོད་པར་གསུང་འདུག་ཅིང་། དེ་ལྟར་ན་ས་ཆེན་བསོད་རྩེ་དང་ཁོང་རྣམ་གཉིས་ཀྱིས་གྲངས་བཅད་མཛད་པའི་བར་ལ་ཡིག་གྲངས་ཆིག་སྟོང་ཉིས་བརྒྱ་བཅུ་གསུམ་གྱིས་མང་ཉུང་ཤོར་འདུག་མོད། མཁས་དབང་ཞབས་དྲུང་རིན་པོ་ཆེ་མཆོག་གིས་གྲངས་བཅད་མཛད་པ་དེའི་སྐབས་སུ་ཁོང་གིས་ཐུགས་མཉམ་ཅུང་མ་བཞག་པའི་ཚུལ་ལུགས་ཤིག་ཡོད་པར་སྣང་སྟེ། ཁོང་གིས་གྲངས་བཅད་མཛད་པའི་བརྩམས་ཆོས་༼ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན་༽རང་ལས། གསལ་བྱེད་རྐྱང་བ་སུམ་ཅུ་དང་། ཉིས་བརྩེགས་ཅན་ང་བདུན།   སུམ་བརྩེགས་ཅན་བཅུ་བཞི། རྐྱང་འཕུལ་ཞེ་བརྒྱད། བརྩེགས་འདོགས་ཅན་འཕུལ་བ་ང་བདུན་སྟེ་བསྡོམས་པའི་ལུས་ཀྱི་ཡི་གེ་ཉིས་བརྒྱ་དང་དྲུག དབྱངས་བཞིའི་ཡན་ལག་དང་ལྡན་པའི་དབྱེ་བས་ཆིག་སྟོང་སུམ་ཅུ། འ་མཐའ་དོར་བའི་རྗེས་འཇུག་དགུའི་དབྱེ་བས་ཆིག་ཁྲི་སུམ་བརྒྱ་ཐམ་པ། ག་ང་བ་མ་བཞིར་ས་དྲག་ཐོབ་པའི་དབྱེ་བས་བཞི་སྟོང་ཆིག་བརྒྱ་ཉི་ཤུ། ན་ར་ལ་གསུམ་ལ་ད་དྲག་ཐོབ་པའི་དབྱེ་བས་སུམ་སྟོང་དགུ་བཅུ། ཝ་བཏགས་བཅུ་གཉིས་ལ་རྩྭ་ཕྱྭ་གྲྭ་གསུམ་བསྣན་པའི་བཅོ་ལྔ།  དབྱངས་བཞི་དང་། དབུ་ཁྱུད། ཤད། བར་ཚེག་སྟེ་སྲོག་རྐྱེན་གྱི་ཡི་གེ་བདུན་ཞེས་འབྱུང་ལ་དེ་དག་བསྡོམས་ན་ཡི་གེ་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་དྲུག་ཅུ་རེ་བརྒྱད་བརྩམས་ཆོས་དེ་ག་རང་དུ་ལོངས་འདུག་པས་སོ།།
        ཡིག་གྲངས་འདི་ལྟར་ན་ས་ཆེན་བསོད་རྩེ་དང་ཁོང་རྣམ་གཉིས་ཀྱིས་ཡི་གེར་གྲངས་བཅད་མཛད་པའི་བར་ལ་ཡིག་གྲངས་ཉེར་གསུམ་ལས་མི་མཐུན་པ་མེད་དོ།། བར་ཁྱད་དེ་ཡང་དབྱངས་བཞི་དང་། དབུ་ཁྱུད། ཤད། བར་ཚེག་ལྟ་བུའི་ཡི་གེ་དག་བགྲངས་སྣོན་བྱས་མིན་གྱི་དབང་གིས་བྱུང་བ་ཡིན་ནམ། ཡང་ན། རྒྱུགས་མི་ཆེ་བའི་ཡི་གེ་༼མྲ་༽དང་། ༼དམྲ་༽དང་། ༼མདྲོན་༽དང་། ༼བགླན་༽ལྟ་བུ་དང་། ཡང་ན། ༼ཧྥ་༽དང་།༼ ཧྥུ་༽དང་། ༼ལྱ་༽དང་། ༼ཤྱ་༽ལྟ་བུའི་ཡི་གེ་དག་བགྲངས་སྣོན་བྱས་པའི་དབང་གིས་འབྱུང་གིན་ཡོད་མེད་སྐོར་ལ་བློ་ལྡན་དོན་གཉེར་ཅན་ཚོས་ཞིབ་དཔྱོད་ཡོད་པ་མཁྱེན་མཁྱེན་ཞུ། སྨྲས་པ།
སྔོན་བྱོན་མཁས་པས་ཡི་གེའི་གྲངས་ཀྱི་ཚད།།
རང་ལུགས་བཟོས་ཏེ་གཏན་འབེབས་གནང་ན་འང་།།
དོན་གཉེར་དབེན་པའི་ཕྱི་རབས་མགོ་སྟོང་ཚོས།།
གྲངས་བཅད་འདི་ཉིད་བློ་མིག་ལམ་ནས་བཏང་།།
                                                                                                                                         ༢༠༡༤.༡༡.༢༦.


རྩོམ་ཡིག་རྗེས་མ།
༄༅།། སྨན་པ་མཚོ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1