སོ་མང་ཆུ་བོའི་རླབས་རྩེར་ཀ་ཁའི་དབྱངས་རྟ་སྙན་ཞིང་འཇེབས།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


       གཟའ་མཇུག་ཏུ། ལས་བྱེད་པ་དང་སློབ་མ་རྣམས་ལ་མཚོན་ན་སོས་དལ་བག་ཕེབས་ཀྱི་ཉིན་མོ་ཞིག་ཡིན་མོད། མེ་ཀུའུ་སྲང་ལམ་གྲོང་དམངས་ཨུ་ཡོན་ལྷན་ཁང་གི་རྩེག་ལྔ་བའི་སློབ་ཁང་ཞིག་ཏུ་དགེ་རྒན་གཡང་མོ་འཚོས་དབྱངས་གསལ་སོ་བཞི་ཁྲིད་པར་སློབ་མ་རྣམས་ཀྱིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཉན་བཞིན་ཡོད་ལ།  སྐབས་རེར་དགེ་སློབ་ཀུན་གྱི་ཀ་ཁ་སྦྱོར་ཀློག་གི་སྒྲ་དབྱངས་སང་སང་དུ་གྲགས་ཏེ་སོ་མང་ཆུ་བོའི་རླབས་རྩེར་སྙན་ཞིང་འཇེབས་པས། ལམ་བར་དུ་འགྲོ་འོང་གི་མི་ཚོགས་ཀྱིས་རྣ་བ་བླགས་ནས་ཉན་པར་མ་ཟད། ཡིད་སྨོན་པའི་འཛུམ་མདངས་ལྷུག་ལྷུག་ཏུ་གྲོལ་བྱུང་། དེ་ནི་རྔ་བ་ཁུལ་བོད་ཀྱི་སྐད་ཡིག་སྒྲ་སྒྱུར་སློབ་ཚོགས་ཀྱིས་འབར་ཁམས་སུ་བོད་ཡིག་སློབ་ཁྲིད་འཛིན་གྲྭ་བཙུགས་པའི་ཡུལ་དངོས་རེད།

         འབར་ཁམས་ནི་བོད་རིགས་འདུས་སྡོད་ཀྱི་ས་ཆ་ཞིག་ཡིན་ལ།  བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་སློབ་ཆུང་ཞིག་མེད་ལ། ཡུལ་དེ་གའི་མང་ཚོགས་ཀྱིས་སྐོམ་པའི་ཆུ་འདོད་ལྟར་བོད་ཀྱི་སྐད་དང་ཡི་གེ་སྦྱོང་སའི་ཁོར་ཡུག་ཅིག་ལ་སྒུག་ནས་ཡུན་རིང་འགོར། ཁྱིམ་བདག་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་རེ་འདུན་བསྐོང་ཆེད། ད་ལོའི་ཟླ་གསུམ་པ་ནས་བཟུང་། རྔ་བ་ཁུལ་རྩོམ་སྒྱུར་ཅུས་ཀྱིས་ལྟེ་བ་དམ་འཛིན་དང་། དགེ་མཚན་འདོན་སྤེལ། སྤྱི་ལ་ཞབས་ཞུ་བཅས་ཀྱི་བྱ་བའི་བསམ་ཕྱོགས་ལ་དམིགས་ཏེ། སློབ་ཁྲིད་དགེ་རྒན་བཞི་བདམས་ཤིང་གཟའ་མཇུག་གི་དུས་ཚོད་བེད་སྤྱད་དེ་བོད་ཡིག་སློབ་ཁྲིད་བྱེད་མགོ་བརྩམས། མིག་སྔའི་བར་དུ་སློབ་མ་71གིས་མིང་ཐོ་བཀོད་ནས་བོད་ཀྱི་སྐད་དང་ཡི་གེ་སྦྱོང་བཞིན་ཡོད།  

          འབྲེལ་ཡོད་མི་སྣས་ངོ་སྤྲད་པ་ལྟར་ན།  ཐེངས་འདིའི་བོད་ཡིག་སློབ་ཁྲིད་འཛིན་གྲྭར་སློབ་ཐུན་64བཀོད་སྒྲིག་བྱས་ཡོད་ལ། སློབ་ཡུན་ནི་ད་ལོའི་ཟླ་གསུམ་པ་ནས་ཟླ་བདུན་པའི་ཟླ་མཇུག་གི་བར་ཡིན། གཟའ་སྤེན་པར་དར་མའི་འཛིན་གྲྭ་དང་གཟའ་ཉི་མར་ལོ་ཆུང་འཛིན་གྲྭ་སྟེ་འཛིན་གྲྭ་གཉིས་སུ་བགོས་ཡོད། དར་མའི་འཛིན་གྲྭ་ལ་སློབ་མ་27དང་ལོ་ཆུང་འཛིན་གྲྭ་ལ་སློབ་མ་44ཡོད།  ལོ་ཆེས་ཆུང་བ་ནི་ལོ་ན་དྲུག་དང་ལོ་ཆེས་ཆེ་བ་ནི་ལོ་ང་དགུ་ཡིན། གཟའ་སྤེན་པ་དང་གཟའ་ཉི་མར་སློབ་ཐུན་གཉིས་རེ་དང་སློབ་ཐུན་རེ་ལ་སྐར་45ཡིན། སློབ་ཁྲིད་ཀྱི་ནང་དོན་ནི་བོད་ཡིག་ངོས་འཛིན་དང་སྦྱོར་ཀློག  ཁ་བརྡ།  བོད་ཀྱི་རིག་གནས་སྐོར་སོགས་ཡིན།

        དགེ་རྒན་གཡང་མོ་འཚོ་ནི་རྒྱ་བོད་སྐད་གཉིས་ལ་བྱང་ཆ་ལྡན་པའི་རབ་འབྱམས་པ་ཞིག་དང་། ད་སྐབས་རྔ་བའི་རྩོམ་སྒྱུར་ཅུས་ན་ལས་ཀ་སྒྲུབ་བཞིན་ཡོད། མདུན་ཅོག་སྟེང་གི་ཁྲིད་གཞི་གྲ་སྒྲིག་ཆ་ཚང་ཞིང་གཟབ་ནན་གྱི་སློབ་ཁྲིད་རྣམ་འགྱུར་ལ་སློབ་ཞུགས་པ་རྣམས་ཀྱི་གུས་པ་ཐོབ་པ་མ་ཟད། ཟོལ་མེད་ལྷག་བསམ་དྲོན་མོ་ནི་ང་ཚོ་ཚང་མའི་རྗེས་སུ་ཡི་རངས་བྱེད་ས་ཞིག་མ་ཡིན་ནམ་སྙམ།  

      དེང་སྐབས་འཚོ་བའི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། འབར་ཁམས་ན་གཞིས་བཅས་པའི་མི་རྣམས་ཀྱིས་ཤེས་བྱ་སྣ་ཚོགས་ལ་རྒྱུས་ལེན་པའི་འདུན་པ་ཇེ་དྲག་ཏུ་སོང་ཡོད། བོད་ཡིག་སློབ་རྒྱུར་མོས་འདུན་ཆེ་ན་ད་ཐེངས་ནི་གོ་སྐབས་ཤིན་ཏུ་ལེགས་པོ་ཞིག་ཡིན། ཐེངས་འདིིའི་སློབ་ཁྲིད་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སྐོར་གྱི་ཤེས་བྱ་ཇི་སྙེད་ཅིག་རྒྱུས་ལེན་ཐུབ་པར་མ་ཟད། སྒོས་སུ་བོད་སྐད་ཤོད་ནུས་ཇེ་བཟང་དུ་གཏོང་ཐུབ་ཅེས་གསར་འགོད་པར་བཤད།

          སློབ་ཐུན་དུ་སྦྱོར་ཀློག་ལ་འབད་བཞིན་པའི་སློབ་མ་ཆུང་ཆུང་སྐལ་བཟང་ནི་ད་སྐབས་འབར་ཁམས་ཕྱི་རྒྱལ་སྐད་ཡིག་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཞིག་ཡིན།  ང་ནི་རྩོམ་ཡིག་འབྲི་རྒྱུར་དགའ་ལ། སྐད་ཡིག་གཅིག་མང་དུ་ཤེས་ན་རྩོམ་འབྲིའི་རྒྱུ་ཆ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བས། ང་རང་གཟའ་ཉི་མའི་སྐད་ཡིག་སློབ་ཁྲིད་ལ་ཤིན་ཏུ་དགའ་བ་དང་། རྗེས་སུ་ཡང་འདི་འདྲའི་སློབ་ཁྲིད་ཡོད་ན་ཞུགས་འདོད་ཧ་ཅང་ཆེ་ཞེས་བཤད།

         ཆུང་དུས་ཁོར་ཡུག་གི་དབང་གིས་བོད་ཀྱི་སྐད་ཡིག་སློབ་མ་ཐུབ། ད་ནི་ལོ་ཅུང་བགྲེས་རུང་སྐད་ཡིག་སྦྱངས་འདོད་ཀྱི་མོས་འདུན་དྲག་པས།  གཟའ་མཇུག་གི་སྐད་ཡིག་སློབ་ཁྲིད་གཅིག་ཀྱང་མི་ཆད་པར་མཇུག་སྐྱོང་རྒྱུ་ཡིན་ལ།  ཐེངས་འདིའི་གསབ་ཁྲིད་ལས་བོད་ཀྱི་སྐད་ཡིག་ཡོངས་སུ་ཤེས་དཀའ་མོད།  འདི་འདྲའི་སློབ་སྦྱོང་གི་གོ་སྐབས་ལེགས་པོ་ཡོད་ན། ང་ཚོར་རྒན་པ་རྣམས་ཀྱི་སློབ་འདོད་ཀྱི་འདུན་པ་དྲག་པོ་རླབས་ལྟར་འཕྱུར་ཡོང་ཞེས་སློབ་ཁྲིད་གྲོལ་རྗེས་བགྲེས་པོ་ཨ་བརྟན་གྱིས་གསར་འགོད་པར་བཤད་བྱུང་།
    ཐེངས་འདིའི་སྐད་ཡིག་གསབ་ཁྲིད་འཛིན་གྲྭར་ཆུང་ལོ་ན་དྲུག་ཅན་ནས་རྒས་ལོ་ན་ང་དགུ་བར་གྱི་རྒན་གཞོན་ཕོ་མོ་ཞུགས་ཡོད་ཅིང་། ཚང་མས་ནན་ནན་ཏན་ཏན་གྱིས་སྦྱོང་བཞིན་པར་མ་ཟད། སློབ་སྦྱོང་ལ་སྤྲོ་བ་ཡོངས་སུ་རྒྱས་འདུག  དེ་ཡང་སྐད་རིགས་གཅིག་མང་དུ་ཤེས་ན་སྐད་ཡིག་གི་སྲོག་གི་དབང་པོ་གཉིས་པ་ལྷུམས་སུ་ཞུགས་པ་དང་གཉིས་སུ་མ་མཆིས་ཞེས་པའི་དཔེ་བཞིན། ང་ཚོས་སློབ་ཞུགས་པ་རྣམས་ལ་སྐད་ཡིག་སློབ་ཐུན་གྱི་ཁྲོད་ནས་ཤེས་བྱའི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་ཞུའོ།། 

   
     


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1