ནགས་ཚལ་མེ་ཟོན་གྱི་སྲིད་འཛིན་འགན་འཛིན་པའི་ལམ་ལུགས་ལག་བསྟར་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


        སྤྱི་ཟླ་3པའི་ཚེ་27ཉིན། ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་ཡོངས་ཀྱི་ལྗང་བསྒྱུར་དང་། ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་ས་གནས་སོ་སོའི་གཞི་རྒྱ་ཆེན་པོའི་ལྗང་བསྒྱུར་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་ནགས་ཚལ་མེ་ཟོན་གྱི་སྲིད་འཛིན་འགན་འཛིན་པའི་ལམ་ལུགས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་བསྒྱུར་དང་། ནགས་ཚལ་དང་རྩྭ་ཐང་མེ་ཟོན་གཉིས་དམ་འཛིན་བྱེད་པ་མངོན་འགྱུར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་དང་སྐྱེས་ཁམས་བདེ་ཐང་ལ་འགན་སྲུང་བྱ་དགོས་ཞེས་བསྟན། 
        ཚོགས་འདུ་ལས་མིག་སྔའི་གོ་སྐབས་དམ་འཛིན་བྱས་ཏེ་ལས་རིགས་སོ་སོའི་སྟོབས་ཤུགས་ལ་སྐུལ་སློང་བྱེད་པ་དང་། ལྷག་པར་དུ་ཚོང་རའི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ་ནགས་ཚལ་གྲོང་ཁྱེར་དུ་བསྐྱོད་པ་དང་སྤྱི་གླིང་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་གཏང་དགོས་པ་དང་། དུས་མཚུངས་སུ་ཚོང་རའི་སྟོབས་ཤུགས་དང་དམངས་ཁྲོད་ཀྱི་དངུལ་རྩ་ལས་བརྒལ་ཏེ་སྡོང་འཛུགས་ནགས་བསྐྲུན་ལ་ཟབ་ཞུགས་བྱེད་པ་དང་བྱས་འབྲས་དོ་བདག་གི་ལམ་ལུགས་ལ་འགན་སྲུང་བྱ་དགོས་པར་མ་ཟད། འོས་མཐུན་གྱིས་ལག་རྩལ་བྱེད་ཐབས་བཀོལ་སྤྱོད་བྱས་ཏེ་ནགས་བསྐྲུན་ལྗང་བསྒྱུར་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏང་དགོས། བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་ཟླ་གསུམ་པའི་བར་ཞིང་ཆེན་ཡོངས་སུ་མི་ཁྲི་2800འོས་འགན་སྡོང་འཛུགས་ལ་ཞུགས་པ་དང་སྡོང་བོ་8600བཙུགས་པ་རེད། ས་གནས་སོ་སོར་ཁྱོན་བསྡོམས་མུའུ་ཁྲི་140ཡི་ནགས་བསྐྲུན་བྱས་ཡོད་ཅེས་བསྟན། 
        ཚོགས་འདུ་ལས་ཕྱོགས་བསྡུས་གནམ་གཤིས་སོགས་རྒྱུ་ཆ་དབྱེ་ཞིབ་བྱས་པ་ལྟར་ན། མ་འོངས་པའི་དུས་ཚོད་ནང་རང་ཞིང་གི་ནགས་ཚལ་ཁུལ་དང་འབྲོག་ཁུལ་ཆར་ཆུ་ཉུང་བའི་ཐན་པའི་གནམ་གཤིས་མུ་མཐུད་དུ་འབྱུང་རྒྱུ་ཡིན་པས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གནས་ཚུལ་ལེགས་པོ་མིན་པས་ས་གནས་སོ་སོའི་མེ་ཁུངས་སྔོན་འགོག་དང་སྔོན་བརྡའི་རྟོག་ཞིབ། ལས་གནས་ནས་སྙོམས་སྒྲིག་དང་ཚན་རིག་དང་མཐུན་པར་ཤུགས་སྣོན་བཞི་བཀོད་སྒྲིག་བྱ་དགོས་ཞེས་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1