༄༅།། རང་མོས་སྙན་ངག་སྐོར་གྱི་གླེང་བརྗོད་ཕྲན་བུ།

རྡོ་སྦིས་ཆོས་སྐྱོང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30


རྡོ་སྦིས་ཆོས་སྐྱོང་།
        སྤྱིར་རང་མོས་སྙན་ངག་ལ་མཚན་ཉིད་འདི་དང་མཚན་གཞི་གན་ཞེས་ཁ་ཚོན་བཅད་ནས་བཤད་དཀའ་ནའང་། ཚིག་གི་ངོ་གདོང་ཙམ་ནས་གླེང་ན། རང་མོས་ཞེས་པ་སྐབས་འདིར་བོད་འགྱུར་གྱི་ཐ་སྙད་ཅིག་ལ་གོ་དགོས་ཏེ། གཙོ་བོ་ཚིག་དང་རྣམ་པའི་ཐད་ནས་བཞག་པ་ཡིན། དེ་ནི་སྔ་མ་དག་དང་མི་འདྲ་ཞིང་། རྐང་བ་དང་ཚེག་བར། གཅོད་མཚམས་བཅས་(ལུགས་ཡངས་པའི་ཚུལ་གྱིས)རྩོམ་པ་པོའི་ཡིད་འགྱུའམ་བརྩེ་དུངས་ཀྱི་འགྲོས་དང་བསྟུན་ནས་འཕེལ་ཞིང་རྒྱས་པའི་གཏན་ཚིགས་གཞིར་བྱས་པ་ཞིག་རེད་དེ། དཔེར་ན།“ཁྱོད་ཀྱི་མཆུ་སྒྲོས་ལྟ་བུའི་སེམས་པ་དམར་པོ/ངའི་མཁའ་དབྱངས་སུ/ལྷོད་ཡང་གིས་བབས”ལྟ་བུ་ལས། ཕྱི་མའི་ཚིག་རྐང་གཉིས་པོ་གཅིག་གིས་འགྲུབ་པར་བྱེད་ཆོག་ནའང་། འདིར་ཚིག་མཚམས་བཅད་ནས་རེ་ཞིག་ངལ་གསོའམ་དབུགས་དབྱུང་ཙམ་ལ་བསྟེན་པ་ནི་རྩོམ་པ་པོའི་བརྩེ་དུངས་ཀྱི་འགྱུར་ཁུགས་དང་བསྟུན་པར་མ་ཟད། སྙན་ངག་ལ་དབྱངས་འགྲོས་ཀྱིས་ཕྱུག་པའི་གྲོགས་སུའང་གྱུར་པ་རེད། དེ་ལས་ལྡོག་སྟེ་“ཉི་གཞོན་གྱིས་ཕོ་ཉ/ཁྱོད་ཉིད/རྨོངས་མུན་གྱི་སྣང་བ/སེལ་བའི་/གཉེན་པོ་རུ/འཁྲུངས་ཏེ ”ལྟ་བུ་ནི་རྩོམ་པ་པོས་གང་འདོད་ཀྱིས་རྐང་བ་བཅད་ནས་སྐས་དབྱིབས་ལྟ་བུར་བསྒྲིགས་པ་ཙམ་ལས་མ་འདས་པས། སྙན་ངག་གི་གཅོད་མཚམས་ཉམས་པའི་སྐྱོན་ཆེན་པོར་འགྱུར་བར་མཐོང་། དེ་བས་རང་མོས་ཞེས་པའང་ལྟོས་བཅས་ཅན་འབའ་ཞིག་ཏུ་འདོད།
        དེ་ལྟའི་གླེང་སློང་ཙམ་བགྱིས་ཏེ། ད་ནི་བརྗོད་དོན་དངོས་ལ་འཇུག་ན། ད་བར་རང་མོས་སྙན་ངག་ཐད་མཛུབ་སྟོན་རང་བཞིན་གྱི་དཔྱད་བརྗོད་སྤེལ་མཁན་ཉུང་བས། ལས་དང་པོ་བ་སྐོར་ཞིག་མུན་ནག་ནང་དུ་མགོ་འཐོམས་པ་ལྟར། ཚིག་དོན་ཡ་མ་བརླ་དང་། ནད་མེད་གཅོང་སྐད་འདོན་པ། སྨྱོན་པའི་ལབ་བརྡོལ་འབྱིན་པ་ལྟ་བུའི་སྙན་ངག་འབྲི་བཞིན་ཡོད་པར་གཞིགས་ནས། གཤམ་དུ་རང་མོས་སྙན་ངག་འགྲུབ་པའི་རྒྱུ་གསུམ་ཙམ་གླེང་བར་བྱའོ།
         གཅིག རྗོད་བྱེད་ནི་རང་མོས་སྙན་ངག་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་ཏེ། ལྗོན་པའི་རྩ་བ་མ་ཚུགས་ན་དོན་གྱི་གཡུ་ལོ་ཐགས་སུ་ཇི་ལྟར་བཀྲ། དེ་ཡང་དོན་གྱི་རྒན་པོ་ཚིག་གི་འཁར་བར་བརྟེན།། ཞེས་རྩོམ་པ་པོས་རང་ཉིད་ཀྱི་བརྗོད་བྱའི་དོན་ནམ་དངོས་པོ་གང་དང་གང་ཡིན་པ་དེ་ཉིད་དབྱངས་ཀྱིས་ཕྱུག་པ། རྒྱན་གྱིས་མཛེས་པ། སྡེབ་སྦྱོར་ལེགས་པ། དོན་ལ་གནས་པ་གང་ཡིན་རུང་རྗོད་བྱེད་ཚིག་ལ་བརྟེན་དགོས་ཕྱིར། རྗོད་བྱེད་ནི་རང་མོས་སྙན་ངག་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་མ་ཟད། སྙན་ངག་གི་བྲོ་བ་དང་། མི་རིགས་ཀྱི་ཁྱད་ཆོས། ཡིད་འགུགས་ཀྱི་ནུས་པ་བཅས་ཀྱང་རྗོད་བྱེད་དང་དམ་པོར་འབྲེལ་ནས་ཡོད། དེ་ལས་ལྡོག་སྟེ་ཐ་སྙད་རང་བཟོ་དང་། བརྡ་སྤྲོད་ཀྱི་ལུགས་ལས་འགོངས་པ། གཏན་ཚིགས་དང་འགལ་བ་སོགས་ཀྱིས་བརྗོད་བྱ་རྒྱ་ཆེ་བ་ཅི་ཡང་སྟོན་མི་ནུས་ཏེ། “གཅིག་ཐོག་གཉིས་བརྩེགས་ཀྱི་གོམ་འགྲོས/གསུམ་དྲུག་བཞི་བརྒྱད་ཀྱི་འགྱིངས་སྟབས་སུ་བསྒྱུར”ལྟ་བུ་ཚིག་ངོས་ཙམ་ནས་བལྟས་ན་སྒྲ་རྒྱན་གྱི་ཚུལ་དུ(འདི་ཡང་སྒྲ་རྒྱན་མ་ཡིན་ནོ)མཛེས་པར་སྣང་ཡང་། དོན་ལ་ཞིབ་ཏུ་བརྟགས་ན་ཅི་ཡང་གོ་མི་བཏུབ་པ་ནི་ཚིག་རང་ངོས་ཀྱི་སྐྱོན་དང་འབྲེལ་བ་ཆེན་པོ་ཡོད་སྙམ་སྟེ། རྩོམ་པ་པོས་གང་འདོད་དུ“གསུམ་དྲུག་བཞི་བརྒྱད”ཅེས་གྲངས་ཀྱི་ཚིག་ཚོགས་ཤིག་གྲུབ་པར་བྱས་པ་ལས། རང་མོས་སྙན་ངག་ཏུ་ག་ལ་འགྱུར་སྲིད། དེ་བས་རྗོད་བྱེད་ཚིག་ལ་སྦྱོར་བ་ནི་ཤིན་ཏུ་གལ་ཆེ་ཞིང་། སྙན་ངག་སྔ་མ་དག་དང་། དམངས་ཁྲོད་རྩོམ་རིག་བཅས་ལ་ཡང་ཡང་ལྟ་ཀློག་དང་གོམས་པར་འགྱུར་བ་ནི་ཚིག་སྦྱོར་ལེགས་པོ་འབྱུང་བའི་ཐབས་དམ་པ་སྟེ། དཔེར་ན། དེང་གི་རང་མོས་སྙན་ངག་ནང་སྤྱོད་རྒྱུག་ཆེ་བའི་ཚིག་རྒྱན“རི་ཚོགས་ཀྱི་ལྷིང་འཇགས་རྒུམ་ཞོར”དང་།“བརྩེ་དུངས་ཀྱི་མངར་ཁ་ལྡག་པ ”ལྟ་བུ་དབང་ལྔའི་ཚོར་བ་ཕན་ཚུན་བརྗེ་སྤོར་བྱེད་པའི་ཚོར་སྤོའི་རྒྱན་དག་ནི་བོད་རང་གི་སྙན་གཞུང་དུ་མིང་བཏགས་གསལ་བོ་ཞིག་མེད་པ་མ་གཏོགས་ལག་ལེན་ཁྲོད་སྔར་ནས་ཡོད་ཅིང་རྒྱུག་ཆེ་བ་སྟེ།
 གླིང་སྒྲུང་སོགས་ལས་འབྱུང་བའི་རྣ་བའི་བདུད་རྩི་དང་། མིག་གི་བདུད་རྩི།  རྣ་བའི་བུ་རམ། མུན་པ་འཐུང་བ་སོགས་གོང་གི་རྒྱན་གྱི་ངོ་བོར་གཅིག་ཏུ་སོང་བ་རེད། གཞན་ཡང་རང་མོས་སྙན་ངག་ནང་རྒྱུན་པར་འབྱུང་བའི་ཡུལ་ཅན་དེ་ཉིད་ཡུལ་གྱི་སྟེང་དུ་འཕོས་ཤིང་སིམ་པར་བྱེད་པའི་ཐབས་རྩལ་སོགས་བསྡུས་བརྗོད་དང་གཟུགས་རྒྱན་གྱི་ཆ་དང་འདྲ་བའང་དུ་མ་སྣང་བས། ཐོག་མར་བོད་རང་གི་སྙན་ངག་དག་ལ་སྦྱངས་ཤིང་གོམས་པར་བྱས་ན་རང་མོས་སྙན་ངག་ལའང་འཇུག་པ་ཡངས་པར་སེམས། དེ་ནས་སུམ་རྟགས་དག་གསུམ་གྱི་དགོངས་དོན་དང་མི་འགལ་བ་གཞིར་བྱས་ཀྱི་སྟེང་ཚིག་སྦྱོར་རྒྱས་བསྡུས་སྐབས་དང་བསྟུན་ནས། ཉན་པར་མི་སྤྲོ་བའི་ཚིག་ཉ་ཉོག་མ་ཡིན་ཞིང་། བརྗོད་དོན་ཚིག་ཐོག་ཏུ་འདྲིལ་བར་བྱེད་དགོས་པ་ལས། ཚིག་སྐྱོན་བྱུང་ན་ནི་སྙན་ངག་གི་སྐྱོན་ཆེན་པོར་བརྩི་བས་རང་མོས་སྙན་ངག་ལ་མཚོན་ནའང་དེ་བཞིན་དུ་དམིགས་བསལ་ཅི་ཡང་མེད། རང་མོས་སྙན་ངག་ལ་རྣམ་པའི་ཐོག་ནས་ཚིག་ཉུང་ཉུང་གིས་བསམ་དོན་རྒྱ་ཆེའམ་དུ་མ་སྟོན་པའི་ཁྱད་ཆོས་འདིས། རྣམ་དབྱེ་སོགས་རང་ཤུགས་ཀྱིས་ཉུང་ལ། ཚིག་སྡུད་གང་ཐུབ་ཀྱིས་སྙན་ངག་བརྗིད་ཆེ་བར་འབྱུང་བ་ནི་ཅིས་ཀྱང་ཡོན་ཏན་དུ་བརྩི་བའོ།། དེང་འདིར་ཁ་ཅིག་གི་རང་མོས་སྙན་ངག་ནི་ཚིག་མཚམས་ཙམ་ལས་ལྷུག་རྩོམ་དང་གཉིས་སུ་མ་མཆིས་ཟེར་བ་ཡང་གནད་དེ་ལ་ཐུག་ཡོད་པ་རེད། 
       གཉིས། སྙན་ངག་པའི་མི་ཚེའི་ལྟ་བ་དང་སྙན་ངག་ལས་བསྟན་པའི་གནས་ལུགས་དྲང་དགོས་པ་ནི་རང་མོས་སྙན་ངག་གི་དམིགས་ཡུལ་ཏེ། ལྗོན་པའི་གཞུང་རྟ་དྲང་ན་ཅིས་ཀྱང་སྙན་ངག་གི་ཁང་བཟང་བཞེང་བའི་ཀ་བར་འགྱུར་བ་ཡིན། དེ་ཡང་རང་ཉིད་འཚོ་སྡོད་ཀྱི་ཁོར་ཡུག་ནས་མཛེས་པའི་ཆོས་དང་སྒེག་པའི་ཉམས་སོགས་གང་ཞིག་རིན་ཐང་ལྡན་པའམ་དོན་ལ་གནས་པའི་དངོས་པོ་དག་སྲེག་བཅད་བརྡར་གསུམ་གྱིས་རྗོད་བྱེད་ཚིག་གི་ལམ་ལ་དྲངས་ནས། མི་ལ་ཡར་སྐྱེད་དང་སྐུལ་ལྕག་གི་ནུས་པ་འདོན་ཞིང་། མི་རིགས་ལ་ཁག་ཁུར་གྱི་བསམ་པས་ཀུན་ནས་བསྐུལ་ཏེ་འཚོ་བར་སྤྲོ་སྣང་དང་འབྱུང་འགྱུར་ལ་ཡིད་ཆེས་ལྡན་པ་ཞིག་ཡོང་རྒྱུ་ནི་སྙན་ངག་པའི་མི་ཚེའི་ལྟ་བ་དྲང་མིན་ལ་རག་ལས་པ་རེད། སྤྱིར་རྩོམ་རིག་ནི་མི་གཞན་ལ་བག་ཆགས་བསྒོ་བའི་ཕྱིར་དུ་ཡིན་ལ། མི་གཞན་པའི་བསམ་བློ་དང་བྱ་སྤྱོད་ལ་ཁ་ལོ་བསྒྱུར་བའི་ཆེད་དུ་ཡིན་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ལམ་སྟོན་གྱི་ཆེད་དུའང་ཡིན་པས། རང་མོས་སྙན་ངག་ལས་བསྟན་པའི་གནས་ལུགས་ནི་ནམ་ཡང་དྲང་བདེན་གྱི་ཀློང་ནས་འཚོལ་དགོས། གལ་སྲིད་སྙན་ངག་ལས་བསྟན་པའི་གནས་ལུགས་དྲང་བོ་མིན་ཚེ། མི་ལ་ཡར་བསྐྱེད་དང་སྐུལ་སློང་གི་ནུས་པ་ལྟ་ཅི། ཐ་ན་རིགས་ཤིག་ལོ་རྒྱུས་ཀྱི་སྟེགས་བུ་ལས་གཡང་སར་ལྷུང་བའི་ཉེན་ཁ་ཡོད་སྲིད། དེང་གི་རང་མོས་སྙན་ངག་པ་ཁ་ཤས་ཀྱིས་འཚོ་བར་རྒྱུས་ལོན་དང་རྟོག་དཔྱོད་མི་གཏོང་བར། སྙན་ངག་ནི་རིག་པ་གསལ་བའི་སྐད་ཅིག་དེ་ཉིད་དུ་འབྱུང་བར་འདོད་དེ། རང་མོས་སྙན་ངག་སྤྱིའི་དམིགས་ཡུལ་དང་ལས་སྐལ་ལ་མི་སེམས་པར། གྲུ་ག་ཆུང་ཆུང་ཞིག་ནས་རང་ཉིད་ཀྱི་སྡུག་ཡུས་ཁོ་ན་བརྗོད་པ་ནི་ནད་མེད་གཅོང་སྐད་འཚོ་བར་ཡིད་ཆེས་ཀྱིས་བཏང་སྟེ་སྒྱིད་ལུག་གི་རྣམ་པ་ཞིག་མངོན་བཞིན་ཡོད་པས།སྐྱེ་བོ་སུ་ཡིས་སྙིང་རྗེའི་ཡུལ་དུ་འཛིན། དེ་བས་ད་སྔའི་སྙན་ངག་གི་ཁྲོད་ན་བྱམས་པ་སྒྲོལ་མ་དང་མེ་ཏོག་འཚོ་ཞེས་སྨྲེ་ངག་གིས་ཁེངས་པ་དག་ལ་སྔོན་ཆད་ཀྱི་《ལང་ཚོའི་རྦབ་ཆུ》ལྟ་བུའི་ཧུར་བསྐྱེད་ཀྱི་ནུས་པ་མེད་ལ། མགོ་བོ་གཏུན་ཤིང་བྱེད་ཕོད་པའི་སྤོབས་པ་ནི་དེ་བས་ཀྱང་དབེན། ལར་མི་རིགས་འདི་ཉམས་རྒུད་ལས་སྐྱོབ་པ་ལ་སྙིང་སྟོབས་དང་ཡིད་ཆེས་ཤིག་དགོས་པ་ལས། སྡུག་ཡུས་ཁོ་ན་བརྗོད་ནས་གཞན་ལ་སྐྱབས་སུ་རེ་བ་ནི་ང་ཚོའི་སྒྱིད་ལུག་དང་ལེ་ལོའི་རང་གཤིས་དམར་རྗེན་དུ་ཕྱི་ལ་མངོན་པ་མ་ཡིན་ནམ། དཔེར་ན། “སྙིང་སྡུག་མ/ཆང་འཐུང་ཡ/དུས་དེར་ངས་ཨ་མ་དྲན་བྱུང/ཨ་མ་ལགས/ང་ལ་སྒོར་མོ་མེད”ལྟ་བུ་འདི་དང་འདི་འདྲ་ད་སྔ་སྤྱི་སྒེར་གཉིས་ཀྱི་དུས་དེབ་ཏུ་རྒྱུན་པར་མཐོང་བས། རང་མོས་སྙན་ངག་གིས་ཀློག་པ་པོར་གནས་ལུགས་ཟབ་མོ་ཞིག་གམ་དྲང་བོ་ཞིག་གིས་སྣེ་ཁྲིད་དེ་ཡར་ཐོན་དང་སྙིང་སྟོབས་ཤིག་སྦྱིན་འོང་བ་ཡང་ཚིག་སྟོང་ཁོ་ན་ཙམ་དུ་ཟད་ལ། དེ་འདྲའི་སྙན་ངག་བརྒྱ་བྲིས་ཀྱང་ཀློག་པ་པོས་དགའ་བསུ་བྱེད་མི་སྲིད་ན། ཀློག་པ་པོའི་ཆུ་ཚད་ཞན་ཞེས་ངན་ཁག་དཀྲི་བ་ནི་དགོད་བྲོ་བའི་གནས་སོ།། དེང་ཡང་རྩོམ་པ་པོ་ཁ་ཤས་ལ་ཕྱི་ཕྱོགས་ཀྱི་ལྟ་བ་ངན་པས་ཤན་ཞུགས་ཏེ་སྲོལ་རྒྱུན་ཡོད་ཚད་གཞོམ་འདོད་དང་གཏོར་བརླག་གཏོང་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། མ་ཤེས་མ་བརྟག་པའི་ཅོལ་ཆུང་གི་ངག་འཆལ་ཅི་ཡང་སྨྲ་བའང་མཐོང་ཐོས་མང་དུ་འབྱུང་ལ། སྙན་ངག་ཁ་ཤས་ལས་རྩོམ་པ་པོ་ལྕེབ་འདོད་དང་འཆི་བདག་ལ་དུངས་པའི་རྣམ་པ་ཞིག་ཚིག་གི་དངོས་ཤུགས་གང་རུང་ནས་མངོན་པ་འདི་དག་མི་རིགས་ལ་དུངས་ཞེན་མེད་ཅིང་ཁག་ཁུར་གྱི་བསམ་པས་ཡོངས་སུ་བཏང་བས། འཕོངས་ཕྱིས་ཀྱི་རྡོ་བཞིན་དུ་བསྐྱུར་འོས་སོ། འདི་དག་ཀྱང་མདོར་བསྡུས་ན་རྩོམ་པ་པོའི་མི་ཚེའི་ལྟ་བ་དང་སྙན་ངག་གི་གནས་ལུགས་དྲང་མིན་ལ་རག་ལས་པས། རང་མོས་པ་ཚོས་རང་ཉིད་ཀྱི་མོས་པ་ཁོ་ནར་མི་བསྟུན་པར་འཚོོ་བ་ལས་བྱུང་བའི་ཉམས་མྱོང་ལ་གནས་ལུགས་ཡང་དག་གིས་བསྒོས་ཏེ། མི་རིགས་ཀྱི་བདེ་སྡུག་དང་མ་འོངས་པར་རྒྱང་ལྟ་བྱས་ནས་ང་ཚོའི་རང་མོས་སྙན་ངག་གི་བུ་ཆུང་འདི་ནད་ཡམས་ཀྱི་གཡང་ལས་སྐྱོབ་པར་ཞུ།
        གསུམ། བསམ་དོན་རྒྱ་ཆེ་ཞིང་དོན་དུ་མར་སྣང་བ་ནི་རང་མོས་སྙན་ངག་ལ་གསོན་སྟོབས་འབར་བའི་རྒྱུ་སྟེ། ཕྱོགས་བཞིར་བརྐྱངས་པའི་ཡལ་ག་མེད་པར་དམར་རྗེན་དུ་ལུས་པའི་གཞུང་རྟ་ཁོ་ནར་སུས་ཀྱང་གྲིབ་བསིལ་དུ་མི་བསྟེན་ནོ།། སྙན་ངག་གི་བསམ་དོན་དེས་སྐྱེ་བོ་སུ་ཡིན་རུང་ཡིད་དབང་འཕྲོག་ཐུབ་ཅིང་། སྤྲོ་བ་བསྐྱེད་ནུས་པ། བློ་ངོར་ཤོང་ཙམ་གྱིས་ངག་ལས་འཁྲོལ་དཀའ་བའི་སྨྲ་བསམ་བརྗོད་མེད་ཀྱི་ཚོར་སྣང་ཞིག་སྦྱིན་འོང་ལ། བསམ་གཞིག་གི་གོ་སྐབས་ཡངས་པོ་ཞིག་ཀྱང་བསྩལ་ཡོང་། རང་མོས་སྙན་ངག་ནི་སྒྲུང་གཏམ་སོགས་དང་མི་འདྲ་བར་གཟབ་འབྲིའི་ངལ་བ་དང་དུ་ལེན་མི་དགོས་ཤིང་། རྗོད་བྱེད་ཐུང་ངུའི་ནང་དུ་རྩོམ་པ་པོའི་བསམ་དོན་རྒྱ་ཆེ་བ་ཞིག་སྟོན་པ་ཡིན་ལ། དེ་ཡང་རྒྱའི་སྙན་ངག་ཚིག་གཅིག་ཅན《འཚོ་བ》ཞེས་པ་ཚིག་འབྲུ་གཅིག་ལས་མེད་པ་དང་། ཀུའུ་ཀྲིན་གྱི《མི་རབས་གཅིག》ལའང་ཡིག་འབྲུ་ཉི་ཤུ་ལྷག་ལས་མེད་པ་ལ། དེ་དག་ལས་བསྟན་པའི་བསམ་དོན་ནི་ཚིག་གི་རྒྱ་ལས་འགོངས་ཤིང་། ཀློག་པ་པོ་སོ་སོར་གོ་བ་རེ་བསྐྱེད་ཐུབ་པས། སྙན་ངག་གི་གོ་དོན་ལ་དོང་ཙེ་བདུན་བརྩེགས་ཀྱི་ཡོན་ཏན་དང་ལྡན་པའི་ཁྱད་ཆོས་སྣང་། དཔེར་ན། སྦྲང་ཆར་དུ་སྤེལ་མྱོང་བའི་ཁ་བྱང་ལ《ཆེ་ཆུང》ཞེས་པར་ཡང་། ཚེག་ཁྱིམ་ཉི་ཤུ་ལྷག་ལས་མེད་ནའང་། རྩོམ་པ་པོས་བསམ་དོན་དངོས་སུ་མ་བསྟན་པར། ཚིག་ཤུགས་ལས་རང་ཉིད་ཕ་ཡུལ་ནས་བྲལ་ཏེ་ཕྱིར་ལོག་པའི་དུས་ཚོད་རིང་བོ་ཞིག་སྐད་ཅིག་དེ་ཉིད་ཀྱི་ནང་དུ་བསྡུས་ཏེ། དེའི་རིང་གི་རང་ཉིད་ཀྱི་འགྱུར་ལྡོག་གམ་ཕ་ཡུལ་དང་ཕྱི་རོལ་གཉིས་ཀྱི་བར་ཐག་དེ་ཆེ་ཆུང་སྟོན་པའི་གཙོ་ཚིག་གཉིས་ཀྱིས་ཡོངས་སུ་བསྟན་པ་ལ། བསམ་དོན་ཅུང་རྒྱ་ཆེ་ཞིང་དུ་མ་ཅན་དུ་འཕོས་པས། ཚབ་བྱེད་རང་བཞིན་ལྡན་པའི་སྙན་རྩོམ་ཞིག་ཏུ་འཁུམས་སོ། དེང་ཡང་རང་མོས་སྙན་ངག་པ་སྐོར་ཞིག་གིས་དོན་མེད་ཀྱི་ཚིག་ཚོགས་འགྲུབ་པར་བྱས་པ་ལས། བསམ་དོན་རྒྱ་ཆེ་མིན་དང་སྒྱུ་རྩལ་རང་བཞིན་ཐད་བསམ་བློ་བཏང་བ་མི་འདང་བས། ཁོ་ཚོའི་སྙན་ངག་ལ་ངོ་གདོང་ཙམ་གྱི་གོ་དོན་ལས་གཞན་ཤུགས་བསྟན་ཅི་ཡང་མེད་པར་བྲོ་མེད་ཚོར་མེད་དུ་སྣང་བས། དོན་གྱི་ཉམས་དང་མི་ལྡན་པའི་སྒྲའི་རྒྱན་ཙམ་གྱིས་རང་མོས་སྙན་ངག་ཏུ་འགྲོ་མི་སྲིད། དེ་བས། བསམ་དོན་ནི་མི་རིགས་དང་ཐ་ན་འགྲོ་བ་རིགས་དྲུག་ལ་བྱུང་དང་འབྱུང་བཞིན་པའི་ཆག་སྒོ་སྣ་ཚོགས་དང་ལས་དབང་ལ་ཁ་ཕྱོགས་པ་ནི་རང་མོས་སྙན་ངག་ལ་གསོན་སྟོབས་འབར་བའི་རྒྱུ་ཉག་གཅིག་གོ།
     མདོར་ན། རང་མོས་སྙན་ངག་འདི་ལེགས་ལམ་དུ་འགྲོ་ན། དེ་ལ་ལམ་སྟོན་གྱི་དཔྱད་བརྗོད་མང་དུ་སྤེལ་ཞིང་། དཔྱད་བརྗོད་ལའང་དཔྱད་བརྗོད་ཀྱི་ཚུལ་དུ་སྤེལ་ན་ཅིས་ཀྱང་རང་རིགས་ལ་ཕན་པར་འགྱུར་སྙམ།
                                 (རྩོམ་ཡིག་འདི་མཚོ་སྔོན་རླུང་འཕྲིན་དྲ་བའི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1