༄༅།། གླུ་རྒྱལ་ཡར་དུང་།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30


        བོད་ཀྱི་གླུ་བ་ཞེས་པའི་ཐ་སྙད་དེ་ཐོས་པའི་མོད་ལ་ང་ཚོའི་སེམས་སུ་ལམ་སང་གླུ་བ་ཡར་དུང་དེ་ངང་གིས་དྲན་ཡོང་། ཁོང་གི་གངས་རི་དང་རྩྭ་ཐང་ལ་སིམ་པའི་ལྷན་སྐྱེས་ཀྱི་མགྲིན་ངག་སྙན་མོ་ལ་ཁམས་པའི་ཕོ་གསར་གྱི་ཁྱད་ཆོས་ལྷག་ཏུ་ཐོན་ཡོད་པ་དང་འཚོལ་སྙེག་གི་དམིགས་འདུན་དང་ཕ་ཡུལ་གྱི་ཡོད་ཚད་དུངས་ཞེན་གྱི་ཕུགས་སུ་རུམ་པའི་སྙན་འཇེབས་ངག་གི་འགྱུར་ཁུགས་རེ་རེ་དང་བརྗོད་དོན་གསལ་ཞིང་ཡིད་དབང་གཅིག་ཆར་དུ་འཕྲོག་པའི་གཞས་ཚིག་རེ་རེ་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ཡར་དུང་གི་གླུ་ལ་ཉན་པ་དགའ་བའི་གྲོགས་པོ་ཚང་མས་རྨ་བྱས་འབྲུག་སྒྲ་དང་། ཁུ་བྱུག་གིས་གནམ་ཆུ་སྒུག་པ་ཇི་བཞིན་ད་དུང་སྙན་འཇེབས་ལྡན་པའི་ཡར་དུང་གི་གླུ་དབྱངས་དེ་བས་མང་པོ་ཐོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
        གླུ་བ་ཡར་དུང་ནི་སྤྱི་ལོ1963ལོར་ཁམས་པའི་རིག་གནས་གནས་ཀྱི་ལྟེ་བའི་སྡེ་དགེར་སྐྱེས། ཆུང་ངུའི་དུས་ནས་གླུ་དབྱངས་ལ་དགའ་ཞེན་ཆེ་བ་དང་ལྷན་སྐྱེས་ཀྱི་ཤེས་རབ་ཀྱང་མི་དམན་པ་ཡོད་པས་གླུ་དང་རོལ་ཆ། པི་ཝང་རྒྱུད་དྲུག་མ་སོགས་གང་མང་ཞིག་ལ་རང་སྦྱོང་བྱས་པས་ཡུན་མི་རིང་བར་ཀུན་གྱིས་ཧ་ལས་དགོས་པའི་འབྲས་བུ་སྨིན།

        སྤྱི་ལོ1995ལོར་གླུ་དབྱངས་ཐང་དཀར་རྒོད་པོ་ལ་འཁོར་བའི་སེམས་པ་ཞེས་པ་བརྙན་འཕྲིན་དུ་ཕབ་རྗེས་རྒྱལ་ཕྱི་ནང་ཀུན་གྱི་ཉན་མཁན་དང་ལྟ་མཁན་མང་པོས་བསྔགས་བརྗོད་ཡང་ཡང་ཐོབ་པར་མ་ཟད་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ལོ་དེར་གཉེར་བའི་རྒྱལ་ཡོངས་ཀྱི་གླུ་དབྱངས་འགྲན་བསྡུར་ཐོག་ཆེས་དགའ་བསུ་ཐོབ་པའི་ཀྲུང་གོའི་གླུ་དབྱངས་ཞེས་པར་གདམས་ཐོན་བྱུང་བ་དང་གསེར་གྱི་རྟགས་མའི་བྱ་དགའ་ཡང་ཐོབ། དུས་དེ་ནས་བཟུང་ཆུ་རགས་ལས་ཆུ་ཤོར་བ་ལྟར་གླུ་དབྱངས་ཀྱི་མཚོ་མོ་ཀློང་དུ་བརྡོལ་ཏེ་སྔ་རྗེས་སུ་ཁམས་པའི་ཕོ་གསར་དང་། མཆོད་རྟེན་དཀར་པོ། ཨ་མའི་པགས་ཚག བྱམས་སེམས་ཅན་གྱི་ཨ་མ། དྲན་གདུང་། མདོ་དབུས་མཐོ་སྒང་། ཕ་ཡུལ་གྱི་སྒྲོལ་མ། བུ་མོ་ཟླ་བ་སྒྲོལ་མ། ཟླ་འོད་ས་ལ་ལྷུང་བའི་སྒྲ་དབྱངས། འཚོལ་ཉུལ། གླིང་གེ་སར་རྒྱལ་པོ། བརྩེ་ལྡན་གྱི་ནུ་བོ། ལས་དབང་སོགས་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ་ཡིད་སེམས་འགུག་པར་བྱེད་པའི་གླུ་དབྱངས་བགྲང་ལས་འདས་པ་ཡིས་བོད་ཀྱི་གླུ་དབྱངས་ཀྱི་སྒྱུ་རྩལ་ཐད་ལ་སུས་ཀྱང་འགྲན་དུ་མི་བཟོད་པའི་བྱས་རྗེས་བཞག་ཡོད་པས་ཀུན་གྱིས་ཁས་ལེན་དང་གདེང་འཇོག་ཐོབ་པས་བོད་ཀྱི་གླུ་བ་ཡི་རྒྱལ་པོ་རུ་གྱུར། དེ་ཡང་དེང་སང་བོད་ཀྱི་གླུ་བ་དང་གླུ་མ་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་དང་འཐོན་བཞིན་མཆིས་མོད། མདོ་དབུས་ཁམས་གསུམ་གྱི་བོད་མི་རྒན་གཞོན་བྱིས་གསུམ་ཀུན་ལས་ཡར་དུང་ཞེས་པ་མི་གོ་མཁན་མེད་ལ་གསར་སྐྱེས་མང་པོ་ཞིག་གིས་ཁོང་ལ་ལད་མོ་བྱེད་བཞིན་ཡོད་པ་ལས་ཀྱང་ཁོང་ནི་གླུ་བའི་ཁྲོད་ཀྱི་རྒྱལ་པོའི་གོ་ས་བཟུང་ཡོད་པ་ཤེས་ཐུབ།

        གསར་འགོད་པས་སྤྱི་ཟླ་གཉིས་པའི་ཟླ་མཇུག་གི་ཉིན་ཞིག་ལ་གླུ་བ་ཡར་དུང་ལ་བཅར་འདྲི་ཞུས་ནས་ལོ་འདི་ཤས་རིང་དང་ཉེ་ལམ་དུས་སུ་ཁོང་གིས་ཅི་མཛད་བཞིན་ཡོད་པའི་སྐོར་ལ་ཁ་བརྡ་བྱས་པ་ཡིན།
        ལོ་འདི་འགའི་རིང་བརྙན་འཕྲིན་སོགས་ལས་ཡར་དུང་གི་གླུ་དབྱངས་ཉན་པའི་གོ་སྐབས་དེ་འདྲ་མི་མང་ཡང་ཁོང་གི་ལས་དོན་དེ་གླུ་དབྱངས་དང་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཁོང་གི་དགོངས་པ་ལྟར་ན་བོད་ཀྱི་གླུ་དབྱངས་དང་རོལ་མོའང་སྲོལ་རྒྱུན་འཛིན་པའི་རྨང་གཞིའི་ཐོག་དུས་རབས་ཀྱི་འགྲོས་ལྟར་འཇིག་རྟེན་གྱི་གར་སྟེགས་སུ་གོམ་ཁ་བསྒྱུར་དགོས་པས་སྔར་ཡོད་ཀྱི་འབྲས་བུ་ལ་ཡིད་མ་ཚིམ་པར་བོད་ཀྱི་རོལ་མོའི་ཀུང་སི་ཞིག་བཙུགས་ཏེ་གསར་སྐྱེས་ཀྱི་གླུ་བ་དང་གླུ་མ་གང་མང་ཞིག་གསོ་སྐྱོང་བྱས་དང་བྱེད་མུས་སུ་ལགས།
        ཡར་དུང་གིས་གསར་འགོད་པར་བཤད་རྒྱུར། དེང་རབས་བོད་ཀྱི་ན་གཞོན་གླུ་བ་གླུ་མ་རྣམས་ཀྱིས་རང་ཉིད་མགྱོགས་པར་སྐད་གྲགས་ཐོབ་ཆེད་དང་སྒོར་མོའི་ཆེད་དུ་དར་སྲོལ་གསར་པའི་གླུ་མང་དག་ལེན་བཞིན་འདུག འོན་ཏེ། མང་ཚོགས་ཀྱི་དགའ་བསུ་ཐོབ་ཅིང། ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ནུས་པའི་གླུ་དབྱངས་ནི་དུས་ནམ་ཡང་རང་གི་སེམས་པ་དམར་པོ་ཕུད་ནས་ལེན་དགོས། གལ་ཏེ་གླུ་དབྱངས་ཁྲོད་དུ་བརྩེ་སེམས་རྣམ་པར་དག་པ་ཞིག་མ་ལྡན་ཚེ་གླུ་དབྱངས་དེ་མི་ཚོའི་སེམས་སུ་དུས་ཡུན་རིང་པོར་གནས་དཀའ། དེ་བས་ལོ་འདི་ཁ་ཤས་རིང་ངས་སེམས་རྣལ་དུ་ཕབས་ནས་བོད་ཀྱི་གླུ་དབྱངས་འཕེལ་ཕྱོགས་དང་གླུ་པ་གླུ་མ་ཚོར་འཛོམས་དགོས་པའི་རྒྱུ་རྐྱེན་དང་ཡོན་ཚད་ལ་འདིང་མང་དག་ཞིག་རྒྱག་བཞིན་ཡོད་ཟེར།
        ལོ་འདི་ཤས་རིང་ཁོ་བོས་ལེན་པའི་གླུ་དབྱངས་དེ་རང་ཉིད་ཀྱི་ཁྱད་ཆོས་དང་འཕྲོད་མིན་དང་། གླུ་དེས་སྤྱི་ཚོགས་ལ་སྐུལ་ནུས་ཅི་ཞིག་ཐོན་པ། གདངས་དང་ཚིག་གིས་བོད་རང་ཉིད་ཀྱི་སེམས་ཁམས་དང་གནས་ལུགས་དང་མཐུན་མིན་སོགས་ཞིབ་འདིང་མང་པོར་རྒྱག་བཞིན་ཡོད་ལ་བྲེལ་འཚུབ་ཀྱིས་བསྒྲུབ་པའི་བྱ་བ་ལ་ཕུ་ཐག་ཆོད་པ་དང་ཡུན་དུ་བརྟན་པར་མི་ཡོང་བའི་ངོས་འཛིན་གནང་བཞིན་ཡོད།
དེ་ལྟར་བཅུ་དྲུག་ལོངས་སྤྱོད་འཁོར་ལོའི་རྩ་འདབ་གྲོལ་བའི་གླུ་རྒྱལ་གྱིས།།
སྙན་པའི་བ་དན་གྲགས་པའི་རླུང་གིས་གླིང་བཞིར་སྒྲོན་པའི་ངོ་མཚར་གཏམ།།
ངག་གིས་འདོད་པ་དབྱངས་ཅན་ལྗགས་ལས་རྩོལ་མེད་འཇོ་བའི་སྐྱེས་ཀྱི་མཆོག  
སྐྱེ་རྒུའི་ཐོས་འཛིན་བདུད་རྩིའི་བཏུང་བར་རྟག་ཏུ་རོལ་བའི་ཤིས་པར་སྩོལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1