༄༅།། ཆམ་རིམས་ནད་ཀྱི་སྔོན་འགོག་དང་བརྟག་བཅོས་བྱ་ཐབས་རག་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-13


        ཆམ་པའི་ནད་ནི་རྒྱུན་མཐོང་གི་རིམས་ནད་ཅིག་ཡིན་ལ་དབྱེ་ན་གྲེ་ཆམ་དང་གློ་ཆམ། རིམས་ཆམ་དང་སྣ་ཆམ་བཅས་རྣམ་པ་བཞི་ཡོད་པ་ཡིན། དེའི་རྒྱུ་ནི་མི་གཙང་བའི་ཟས་དང་རྡུལ། གྲིབ་ཕོག་པ་དང་དུས་ཚིགས་ཀྱི་འགྱུར་བ། གདོན་སོགས་ཀྱིས་བསྐྱེད་པ་ཡིན། དེ་ལས་གྲེ་ཆམ་གྱི་ནད་རྟགས་ལ་གྲེ་བ་དང་རྐན་མཚུལ་ཚ་ཞིང་སྐབས་སུ་མིད་པ་སྐྲངས་པ་དང་སྣ་ཆུ་མང་དུ་འཛག་པ།སྦྲིད་པ་མང་དུ་བསྟུད་ནས་འོང་བ་ཡིན།གློ་ཆམ་གྱི་རྟགས་ལ་གྲེ་བ་ཚ་ཞིང་གློ་མང་དུ་ལུ་བ་དང་རོ་སྟོད་བྲང་རྒྱབ་ན་བ།སྐབས་སུ་ལུད་པ་རྣག་དང་འདྲེས་པའང་ཡོད་ལ་ལུས་ཚ་ལངས་པ་ཡིན། རིམས་ཆམ་ནི་མགོ་བོ་དང་ཚིགས་གཞི་ན་ཞིང་ཁ་ཁ་བ་དང་གྲང་ཤུམ་བྱེད་པ།ཟས་ལ་དང་ག་མེད་པ། རྨི་ལམ་ཟ་ཟི་མང་བ། སྣ་ཆམ་གྱི་རྟགས་ལ་སྣ་ཚ་ཞིང་སྣ་ཆུ་མང་བ་ཡིན།

        བཅོས་ཐབས། ཆམ་པ་ལ་ཉེ་སྔོན་འགོག་སྨན་སོགས་མེད་པས་ལུས་ཕུང་སྦྱོང་བརྡར་དང་ཟས་སྤྱོད་ཚུལ་བཞིན་བསྟེན་པ་ནི་ཆམ་རིམས་འགོག་པའི་ཐབས་ལམ་གཅིག་པུ་ཡིན། ཆམ་པ་ནི་རིམས་ནད་སྤྱི་དང་འདྲ་བས་ཐོག་མར་མ་སྨིན་ཚ་བ་ལྟར་བཅའ་དགོས་པ་སྟེ། མ་སྨིན་པའི་ཚ་བ་ཐང་གིས་སྨིན་པར་བྱས་རྗེས་ཚད་པ་གཅོག་དགོས་པ་ཡིན། དེའི་ཐབས་གཞན་ལ་རྔུལ་དབྱུང་བ་དང་ཆུ་སྐོལ་འཐུང་བ་སོགས་མང་དུ་ལྡན། ལྷག་པར་ལུས་ལྕི་བ་དང་རྨི་ལམ་ཟ་ཟི་མང་བ། ཚིགས་གཞི་ན་བ་སོགས་ཀྱི་རྟགས་ལྡན་དུས་ངེས་པར་མ་ནུ་བཞི་ཐང་སོགས་དྲོད་འཇམ་བཏང་ནས་ཚ་བ་སྨིན་པར་བྱས་རྗེས་རྟ་ཟི་དམར་པོ་དང་ལོ་གྱོན་རིལ་བུ་སོགས་བསིལ་སྨན་གཏོང་རྒྱུ་ཤིན་ཏུ་གདམས་པའོ། ། གལ་ཏེ་བད་རླུང་གི་མགོ་ཕུར་མ་བཤུ་བར་ཐད་ཀར་ཚད་པ་བཅག་ན་ཚད་གཞུག་འགྲམས་པ་དང་རྙོགས་ཚད་སོགས་སུ་འགྱུར་ཉེན་ཆེ་བ་ཡིན་ནོ། །

(མཚོ་སྔོན་བོད་ཡིག་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1