༄༅།།རྦ་བཞེད་ནི་དབུས་པ་བློ་གསལ་གྱིས་བརྩམས་པ་ཡིན་མིན་ཐད་ཀྱི་དོགས་སློང་།

འབྲུག་མཁར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-13


 འབྲུག་མཁར།

        བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་བའི《དབའ་བཞེད་བཞུགས་སོ》ཞེས་པའི་དེབ་དེའི་དཔེ་སྐྲུན་གསལ་བཤད་ཁྲོད་དུ“རྦ་བཞེད་ཅེས་པའི་སྟོད་ཆར་བསྟན་པ་སྔ་དར་གྱི་ཆོས་འབྱུང་གི་ལོ་རྒྱུས་བཤད་པ་སྟེ། ནང་དོན་རྣམས་དབའ་བཞེད་དང་རྩ་བའི་ཆ་ནས་སྤྱི་ཁོག་མཚུངས་པ་ཡིན་ལ། མཇུག་ཏུ་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་འཆད་པ་དང་། བསྟན་པའི་གནས་ཚད་བཤད་པ་སོགས་ཁ་སྐོང་བྱས་ཡོད་པ་ལྟ་བུའོ། །དེ་ཕྱིར《དབའ་བཞེད》ཀྱི་གཞུང་འདིར་ཁ་སྣོན་མཛད་མཁན་ཅི་ཙམ་བྱུང་ཡོད་ཀྱང”①ཞེས་པས་དེ་ནི་རྦ་བཞེད་ལ་ཁ་སྣོན་བྱས་པར་ཁས་བླངས་ཡོད། གཞན་ཡང་བདེ་སྐྱིད་ཀྱིས“དེ་མིན་དབུས་པ་བློ་གསལ་གྱིས་བརྩམས་པའི་རྦ་བཞེད་ཟེར་བའི་ལག་བྲིས་མ་ཞིག་ཀྱང་ཁོ་བོས་ལག་རྩེར་སོན་པ་ད་མུས་དག་བསྒྲིགས་བྱེད་པའི་སྒང་ཡིན”②ཞེས་དབུས་པ་བློ་གསལ་གྱི་རྦ་བཞེད་ཡིན་པ་ཁས་ལེན་བྱས་ཡོད། བདེ་སྐྱིད་ཀྱིས་དག་བསྒྲིགས་བྱེད་བཞིན་པའི་རྦ་བཞེད་དེ་མིག་གིས་མ་མཐོང་མོད། ཚིག་ཟུར་ལ་བརྟགས་ན་དེ་ནི་ཕྱི་ར་ཨང་རྟགས75པ③དང་གཅིག་མཚུངས་ཡིན་པ་འདྲ། 
        བདག་གིས་ཡིག་ཚང་དེ་ཉིད་ཞིབ་ཀློག་བྱས་དུས《རྦ་བཞེད》དེ་ནི་དབུས་པ་བློ་གསལ་གྱི་ཡིན་མིན་ཐད་དོགས་པ་ཆེན་པོ་སྐྱེས། སྤྱིར་དཔེ་ཆ་གང་དང་གང་ཞིག་ཀློག་སྐབས“བླ་མས་ཅི་གསུང་ཆོས། མཛུབ་མོ་གང་བསྟན་ཤར”ལྟ་བུ་བྱ་མི་རུང་བར། དོགས་སློང་གི་འདུ་ཤེས་ཀྱིས་ལྟ་ཀློག་བྱ་རྒྱུ་ཤིན་ཏུ་གལ་ཆེ། དོགས་སློང་བྱས་ཏེ་དཔྱད་པ་བྱས་ན་རང་གི་འདོད་ཚུལ་དེ་དོན་དངོས་ལོ་རྒྱུས་དང་འཕལ་ཁ་འཕྲོད་ཐུབ་མིན་མི་ཤེས་མོད། ཁྱོད་རང་གིས་གནད་དོན་དེ་གནད་དོན་དུ་བཟུང་ནས་བསམ་བློ་བཏང་བ་ནི་ཡར་ཐོན་ཡོང་བའི་རྒྱུ་ལྟ་བུ་ཡིན་པས། བདག་གིས་ཀྱང་འདི་ནས་དོགས་སློང་དང་བཅས་ཏེ། དེ་ཉིད་དབུས་པ་བློ་གསལ་གྱི་མིན་པའི་སྒྲུབ་བྱེད་བཀོད་པ་བརྒྱུད་ནས། དེ་ནི་ཕྱི་རབས་པས་བརྗོད་བྱ་མི་འདྲ་བའི་བསྟན་བཅོས་གཉིས་གཅིག་ཏུ་འཁྲུལ་ཏེ་བསྡུས་པའི་ལྟ་བ་དགོད་རྒྱུ་ཡིན།
        བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྒྲིགས་པའི་དཀར་ཆག་ལྟར་ན། འདི་ལ་སྤྱི་དོན་གསུམ་དང་སྤྱི་དོན་རེ་རེ་ལ་ནང་གསེས་ཀྱི་སྐབས་དུ་མ་ཡོད། སྤྱི་དོན་དང་པོ་ལ་ནང་གསེས་ཀྱི་སྐབས་གཅིག་དང་། སྤྱི་དོན་གཉིས་པ་ལ་ནང་གསེས་ཀྱི་སྐབས་དྲུག(དྲུག་ཅེས་བྲིས་ཡོད་མོད་ལྔ་ཙམ་ལས་མི་འདུག) སྤྱི་དོན་གསུམ་པ་ལ་ནང་གསེས་སུ་སྐབས་གཉིས་ཡོད་དོ། །སྐབས་སུ་བབ་པའི་བརྗོད་གཞི་ནི་སྤྱི་དོན་དང་པོ་ཡིན་ཞིང་། སྤྱི་དོན་དང་པོའི་བརྗོད་བྱ་ནི་རིགས་གཉིས་ཙམ་གྱིས་གྲུབ་ཡོད་ཅིང་དེ་གཉིས་ནི་ཕན་ཚུན་འབྲེལ་བ་མེད་པའི་བརྗོད་གཞི་ཞིག་རེད། སྤྱི་དོན་དང་པོའི་མགོ་ནི“སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་ལོ་རྒྱུས།”④བརྩམས་པ་ཡིན་མོད་ཀྱང་། མཇུག་ནི“དམ་པའི་ཆོས་ངོས་བཟུང་བའི་སྐབས་ཏེ་དང་པོའོ།།”⑤ཞེས་བསྡུས་ཡོད་པས། བལྟས་པ་ཙམ་གྱིས་མགོ་མཇུག་ཆ་མི་མཚུངས་པའི་སྣང་བ་ཞིག་སྟེར། དེ་ན་འདི་ནི་མཚམས་གང་ཞིག་ནས་བརྗོད་བྱ་མི་འདྲ་བ་ཞིག་ཏུ་གྱུར་སོང་ཞེ་ན། ཤོག་ངོས269རུ། ལོ་ཙཱ་བ་མ་མཆིས་པས་ཚོང་འདུས་ཁ་དྲུག་ནས་ཁ་ཆེ་ཨནནྡ་རྙེད་ཚུལ། ཁ་ཆེ་ཨནནྡའི་སྐྱེ་ཁུངས་བཤད་པའི་མཚམས་སུ།“ཨནནྡ་བྲམ་ཟེའི་གཙུག་ལག་སྒྲ་དང་སྨན་བསླབས་པས་ཆོས་བསྒྱུར་བའི་རྔོ་ཐོགས་ཏེ། ཨནནྡ་ནས་དགྲ་བཅོམ་པ་ལྔ་བརྒྱས་བསྡུ་བ་དང་པོ་མཛད་པ་ནི”⑥ཞེས་བཀའ་བསྡུ་དང་པོ་འཕྲོར་མཐུད་ཡོད་པས་གློ་བུར་བའི་འགྱུར་ལྡོག་འདིས་དབྱར་དགུན་གཉིས་སུ་སླེབས་པ་ལྟ་བུའི་ཚོར་བ་བྱིན། གུས་པོར་གློ་བུར་བའི་འགྱུར་ལྡོག་དེ་བྱུང་དོན་ལ་དཔྱད་འདོད་ཀྱི་སེམས་པ་དྲག་ཏུ་རྒོད་པས་ཕྱི་ར་ཨང་རྟགས75པའི་གློག་རྡུལ་དཔེ་ཆ་བཙལ་ཏེ་ཞིབ་ཏུ་བསྡུར་རྗེས། བློ་ངོར་འབབ་པའི་དྲིས་ལན་འགའ་བྱུང་སོང་། གཤམ་ནས་གུས་པོས་སྤྱི་དོན་དང་པོ་འདི་ནི་བསྟན་བཅོས་བྱེ་བྲག་པ་གཉིས་པའི་རྒྱུ་མཚན་དགོད་རྒྱུ་ཡིན།
1.བརྗོད་བྱའི་ཆ་ནས་བཤད་པ། སྤྱི་དོན་དང་པོའི་འགོ་ལ“དང་པོ་བཙན་པོ་ཁྲི་ཐོག་རྗེ་ཐོག་བཙན་གྱི་སྐུ་རིན(རིང)ལ་དཾ་པའི་ཆོས་འབྱུང་བའི་སྔ་ལྟསུ་ལྷའི་ཡུལ་ནས་རོལ་མོ་བྱུང་།”⑦ཞེས་ལྷག་མ་ཙམ་ཡོད་པ་ལས་དབའ་བཞེད་ཀྱི་བརྗོད་བྱ་དང་ཡོངས་སུ་མཚུངས་པར་མ་ཟད། རྗོད་བྱེད་ཚིག་ཀྱང་ཕལ་ཆེར་འདྲ་མཚུངས་རེད། དེ་བས་དེ་ནི་དབའ་བཞེད་ཀྱི་ཆ་ཤས་ཤིག་ཡིན་པ་བསྙོན་དུ་མེད། དབའ་བཞེད་ཀྱི་བརྗོད་བྱ་དང་སྦྱར་ན། ཤོག་ངོས270པའི་རྗེས་སུ་མཐུད་དགོས་པ་ནི་ཨནནྡས“ལོ་ཙཱ་བགྱིས་ཏེ་གདུང་ཟླ2ཀྱི་བར་དུ་དམ་པའི་ཆོས་བརྟགས་ན། དམ་པའི་ཆོས་ནི་མདོ་སྡེའི་ལུགས་སུ་ལགས་ངེས་ཏེ། ཉེས་སོ་ཅོག་ནི་མི་གཏང(གཏོང)བ་མེད། ལེགས་སོ་ཅོག་ནི་མི་བྱ་བ་མེད། ”⑧ཅེས་པ་ཡིན་ཏེ་མི་སྒྲིག་རང་འགྲིག་དུ་འགྲོ། སྤྱི་དོན་དང་པོའི་མཇུག་ནི་བཀའ་བསྡུ་དང་འབྲེལ་བ་ཞིག་ཡིན་ཏེ། “……ནས་དགྲ་བཅོམ་པ་ལྔ་བརྒྱས་བསྡུ་བ་དང་པོ་མཛད་པ་ནི”⑨ཞེས་ཡོད་པ་དང་། གཤམ་གྱི་ཚིག་གི་འགྲོ་རིམ་ལ་བལྟས་ན། ནས་སྒྲ་དེའི་གོང་དུ་བཀའ་བསྡུ་དང་པོའི་སྦྱིན་བདག་གི་མིང་འབྱུང་འོས་པ་ཡིན། དཔེར་ན། མ་སྐྱེས་དགྲ་ཡིས་སྦྱིན་བདག་མཛད་ནས་དགྲ་བཅོམ་པ་ལྔ་བརྒྱས་བསྡུ་བ་དང་པོ་མཛད་པ་ནི་ཞེས་འབྱུང་དགོས་པ་ཡིན་ནོ། །དེ་བས་འདི་ནི་དབའ་བཞེད་ཀྱི་བརྗོད་བྱ་ཁག་ཅིག་དང་དབུས་པ་བློ་གསལ་གྱིས་མཛད་པའི་བསྟན་བཅོས་གང་དེའི་ཆ་ཤས་ལས་དམ་པའི་ཆོས་ངོས་བཟུང་བ་གཉིས་མཉམ་དུ་བསྲེས་པ་ཞིག་རེད།
2.རྗོད་བྱེད་ཚིག་གི་ཆ་ནས་ཀྱང་སྤྱི་དོན་དང་པོའི་དབའ་བཞེད་ཀྱི་དུམ་བུ་དེ་དང་གཞུང་དངོས་གཉིས་མི་འདྲ་བའི་སྣང་ཚུལ་བྱུང་འདུག དཔེར་ན། དབའ་བཞེད་ཀྱི་དུམ་བུ་དེའི་ཁྲོད་དུ་སྦ་གསལ་སྣང་དང་སྦ་སང་ཤི་སོགས་རུས་དབའ་ཅན་ལ་ས་མགོ་སྦྱར་ཏེ་སྦ་ཞེས་བྲིས་ཡོད་ཅིང་། སྤྱི་དོན་གཉིས་པའི་སྐབས་སུ“དབའ་རད་ན། དབའ་གསལ་སྣང”⑩ཞེས་བྲིས་ཡོད་པས་གཞུང་གཅིག་ཏུ་བཀོལ་པའི་ཐ་སྙད་གཅིག་གྱུར་མིན་པ། དེ་བས་གོང་འོག་གཉིས་བསྟན་བཅོས་གཉིས་སུ་སྣང་།
3.རྩོམ་ཐབས་མི་གཅིག་པ། དབའ་བཞེད་ཀྱི་དུམ་བུ་དེ་རུ་རྩོམ་པ་པོས་ལོ་རྒྱུས་དཔྱད་བརྗོད་མེད་པར་རང་གི་འདོད་ཚུལ་ཐད་ཀར་བཀོད་ཡོད་པ་ཞིག་ཡིན་པ་དང་། དབའ་བཞེད་ཀྱི་དུམ་བུ་དེའི་རྗེས་ནས་བཟུང་། རྩོམ་པ་པོས་སྔ་རྗེས་སུ“ལུང་ཕྲན་ཚེགས། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ། འཇམ་དཔལ་རྩ་རྒྱུད། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་གསུང་། བཅོམ་ལྡན་རིག་རལ། དབའ་བཞེད། ”སོགས་མང་པོ་མང་པོ་ཞིག་གི་ལྟ་བ་ཕན་ཚུན་བསྡུར་དེ་རང་གི་འདོད་ཚུལ་འགོད་ཀྱིན་ཡོད་པས། ཤོག་ངོས270པའི་གོང་འོག་གི་རྩོམ་ཐབས་མི་འདྲ་བའི་སྣང་ཚུལ་ལྡན། གཞན་ཡང“དབའ་བཞེད་ལས་ཁྲི་རྩེ་འདུས་སྲོང་གིས་བཞེངས་པར་འཆད་དོ”ཞེས་པ་ནི་ཤིན་ཏུ་ཡ་མཚར་བ་ཞིག་ཡིན་ཏེ། གལ་ཏེ་མཇུག་གི་དེའང་དབའ་བཞེད་ཡིན་ན་རང་གི་འདོད་ཚུལ་སྒྲུབ་ཕྱིར་རང་གཞུང་ལུང་འདྲེན་པ་མ་ཡིན་ནམ། དེ་བས་མགོ་རྔ་གཉིས་ནི་བརྗོད་བྱ་མི་གཅིག་པའི་བསྟན་བཅོས་གཉིས་སུ་སྣང་།
4.ཕྱི་ར་ཨང་རྟགས75པའི་གློག་རྡུལ་དཔེ་ཆ་ལས་མཐོང་བ་ལྟར་ན། “ཨ་ནནྡས”ཞེས་ཤོག་ངོས་བཞི་པའི་སྲིབ་ཀྱི་ཆེས་མཇུག་ཏུ་ཡོད་པ་དང་། ཤོག་ངོས་ལྔ་པའི་ཉིན་ངོས་ཀྱི་ཐིག་ཤར་དང་པོའི་མགོ་རུ “ནས་དགྲ་བཅོམ་པ་ལྔ་བརྒྱས་བསྡུ་བ་དང་པོ་མཛད་པ་ནི”ཞེས་བྲིས་ཡོད་པས་དེ་གཉིས་ལྡེབ་ཁ་ཁ་སོ་སོ་ཡིན་པ། གཞན་ཡང་ཤོག་ངོས་གཅིག་ནས་བཞི་རུ་ལྡེབ་གཅིག་ན་ཡིག་ཕྲེང་ཐིག་ཤར་བཅུ་བཅུ་ཡོད་པ་ཤོག་ངོས་ལྔ་པ་ནས་བཟུང་ལྡེབ་གཅིག་ན་ཡིག་ཕྲེང་ཐིག་ཤར་དགུ་དགུ་མ་གཏོགས་མེད་པས་འདི་གཉིས་ཕྱག་དཔེ་གཅིག་མིན་པའི་བསྟན་བཅོས་གཉིས་ཡིན་པ་ཐག་གིས་བཅད་ཆོག་སྙམ།
        མདོར་ན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་བའི་དཔེ་ཆའི་ཤོག་ངོས270པའི་གོང་འོག་གཉིས་ནི་བརྗོད་བྱ་མི་གཅིག་པ་དང་རྩོམ་ཐབས་མི་འདྲ་བ། ལྡེབ་གཅིག་གི་ཡིག་ཕྲེང་མང་ཉུང་མི་འདྲ་བ་སོགས་ཡང་དག་པའི་རྒྱུ་མཚན་དུ་མས་བདག་གིས་དེ་གཉིས་ནི་བསྟན་བཅོས་ཧྲིལ་པོ་གཅིག་མིན་པར། གོང་ནི་དབའ་བཞེད་ཀྱི་དུམ་བུ་ཞིག་ཡིན་པ་དང་། མཇུག་ནི་དབུས་པ་བློ་གསལ་གྱིས་བརྩམས་པའི་ཆོས་འབྱུང་ལོ་རྒྱུས་ཤིག་རེད་ཅེས་བརྗོད་འདོད་དོ། །རྒྱུ་མཚན་ཅིའི་དབང་གིས་མགོ་རྔ་མི་གཅིག་པའི་བསྟན་བཅོས་གཉིས་གཅིག་ཏུ་བསྒྲིགས་པ་རེད་ཅེ་ན། ཡིད་རྟོན་ཕེར་བའི་སྒྲུབ་བྱེད་ཁུངས་བཙན་པ་མ་རྙེད་རྐྱེན་བཤད་ཁག་མོད། ཕྱི་ར་ཨང་རྟགས75པའི་གོང་འོག་གི་ཡིག་གཟུགས་ཧ་ཅང་འདྲ་བས། རིག་གནས་གསར་བརྗེ་སོགས་རིག་གནས་ལ་གཏོར་བརླག་བཏང་བའི་འབྲས་བུ་ལས་ལ་འཐོར་ལུང་འཐོར་དུ་སོང་བ་ཆོས་དཔེ་དག་བསྒྲིགས་བྱེད་སྐབས། མཁས་པ་ག་གེ་མོས་ཐུགས་མཉམ་མ་བཞག་པར། ཡིག་གཟུགས་ཧ་ཅང་འདྲ་བ་དང་གཉིས་ཀ་ཆོས་འབྱུང་ཡིན་པ་ཁུངས་སུ་བྱས་ཏེ་གཅིག་ཏུ་བསྒྲིགས་པ་མིན་ནམ་སྙམ་པའི་བློ་བཟོ་བྱས་པ་ལས་ཐབས་མེད་པས། མཁས་པའི་ཚོགས་སུ་གྲོས་བསྡུར་གྱི་ཚུལ་དུ་འབུལ་བ་ལགས་སོ། །
 མཆན།
① དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 དཔེ་སྐྲུན་གསལ་བཤད་ཀྱི་ཤོག་ངོས5པ་ན་གསལ།
② བདེ་སྐྱིད་ཀྱིས་བསྒྲིགས། 《རྦ་བཞེད་ཕྱོགས་བསྒྲིགས》 མི་རིགས་དཔེ་སྐྲུན་ཁང་། 2013ལོ། འགོ་བརྗོད་རླབས་ཀྱི་ཟེགས་མ། ཤ4
③ འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ལས་ཕྱི་ར་སྟེ་དགེ་ལྡན་པ་མ་ཡིན་པའི་ཕྱི་རོལ་གྱི་རྣམ་ཐར་དང་རིག་གནས་སྐོར་གྱི་དཔེ་ཆ་ལས་ཨང་རྟགས75པའོ། །
④ དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 ཤ259
⑤ དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 ཤ274
⑥ དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 ཤ269ནས270
⑦ དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 ཤ259
⑧ དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 ཤ15
⑨ དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 ཤ270
⑩ དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 ཤ287
དབའ་གསལ་སྣང་། 《དབའ་བཞེད་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.11 ཤ184
(མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1