གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

བཀྲ་ཤིས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༤ཚེས་༡༨ཉིན།

༄༅།། བོད་ཀྱི་དེང་རབས་རྩོམ་རིག་གི་རྩོམ་ལུས་དབྱེ་བའི་སྐོར་རགས་ཙམ་གླེང་བ།

བཀྲ་ཤིས་བཟང་པོ།
གླེང་གཞི།
        དེང་རབས་བོད་ཀྱི་རྩོམ་རིག་སྤྱིའི་གནས་སྟངས་ལ་གཞིགས་ན། དེང་གི་དུས་སུ་ང་ཚོ་བོད་ཀྱི་རྩོམ་རིག་ལ་རྩོམ་ལུས་ཀྱི་དབྱེ་བ་ཕྱེ་སྟེ། རྩོམ་ལུས་སོ་སོའི་རྩོམ་འབྲིའི་ཤེས་བྱ་རྣམས་དཔྱད་པ་དང་ཕྱོགས་བསྡོམས་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་བཞག་པའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཡིན་ལ། བོད་ཀྱི་རྩོམ་རིག་སྤྱིར་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པའི་དགོས་མཁོ་ཡང་ཡིན་ཞིང་། དེང་རབས་རྩོམ་རིག་སྔར་བས་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བར་བྱེད་པའི་དགོས་མཁོ་ཡང་ཡིན། འོ་ན་བོད་ཀྱི་རྩོམ་རིག་དང་མཐུན་པའི་རྩོམ་ལུས་ཀྱི་དབྱེ་བ་ཅི་འདྲ་ཞིག་འབྱེད་དགོས་སམ་ཞེ་ན། གནད་དོན་དེའི་སྐོར་རང་རང་གི་འདོད་པ་དང་མཐུན་པའི་བསམ་ཚུལ་སྣ་ཚོགས་ཡོད་སྲིད་ནའང་། རྩོམ་རིག་གི་ལག་ལེན་དང་མཐུན་པའི་རྩོམ་ལུས་ཀྱི་དབྱེ་བ་འབྱེད་རྒྱུ་ནི་གལ་ཆེ་བར་སྣང་། རྩོམ་རིག་ལ་རྩོམ་ལུས་ཀྱི་དབྱེ་བ་འབྱེད་པ་ནི། རྩོམ་རིག་གི་རིགས་པའི་གཞུང་ལུགས་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་གཏོང་བར་འབྲེལ་བ་ཡོད་ལ། རྩོམ་རིག་གི་ལག་ལེན་དངོས་དང་འབྲེལ་བའི་གནད་དོན་ཞིག་ཀྱང་ཡིན། གནད་དོན་དེ་དག་ལ་ཚན་རིག་དང་མཐུན་པའི་དཔྱད་པ་གཏོང་བ་ལ། སྐྱེས་སྦྱངས་ཀྱི་ཤེས་རབ་དམན་པའི་ལས་དང་པོ་བ་ཕྲན་ལྟ་བུས་དགག་སྒྲུབ་ཀྱི་ཁུར་ལེན་པའི་འོས་སུ་མི་ཆེ་རུང་། དེང་རབས་བོད་ཀྱི་རྩོམ་རིག་གི་རྩོམ་ལུས་དབྱེ་བར་ཞིབ་འཇུག་བྱེད་པའི་ལས་དོན་གཏིང་ཟབ་དང་སྒོ་ཀུན་ནས་སྤེལ་རྒྱུར་ནུས་པ་ཐོན་རེའི་ལྷག་བསམ་ཀུན་ནས་བསླངས་ཏེ། རང་གི་མྱོང་ཚོར་རམ་ལྟ་ཚུལ་ཞིག་ཀུན་གྱི་སྤྱན་སྔར་བསྟར་འདོད་པ་ནི་གཤམ་དུ་གསལ།
དང་པོ། རྩོམ་ལུས་ཀྱི་ངོ་བོ།
        རྩོམ་ལུས་ཞེས་པ་ནི་དཔེའི་སྒོ་ནས་བཏགས་ཤིང་སྐད་ཆའི་སྒྱུ་རྩལ་གྱི་ཉམས་ཚུལ་སྣ་ཚོགས་ལ་བརྟེན་ནས་བྱུང་བའི་བརྗོད་བྱའི་རྟེན་གཞི་ཕྱིའི་རྣམ་པ་ཅན་ལ་ཟེར་ཏེ། དེ་ཡང《ཚིག་རྒྱན་རིག་པའི་སྒོ་འབྱེད》དུ“ལུས་ནི་བརྗོད་པར་འདོད་པ་ཡི། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། དེ་ཡང་ཚིག་བཅད་ལྷུག་པ་དང་། སྤེལ་མ་རྣམ་གསུམ་ཉིད་དུ་གནས”ཞེས་སྙན་ངག་གི་ལུས་ནི་སྨྲ་བ་པོའི་བརྗོད་འདོད་ཀྱི་དངོས་པོ་གང་དང་གང་ཡིན་པ་དེ་རྗོད་བྱེད་ཚིག་གི་ཕྲེང་བར་སྤེལ་བའི་ཚིག་སྦྱོར་ཡིན་ཏེ། དེ་ཡང་ཚིག་སྦྱོར་གྱི་རྣམ་པའི་སྒོ་ནས་ཕྱེ་ན། རྐང་པར་བཅད་པའི་ཚིགས་བཅད་དང་རྐང་པར་མ་བཅད་པའི་ཚིག་ལྷུག་བཅད་ལྷུག་འདྲེས་མའི་སྤེལ་མ་བཅས། རྣམ་པ་གསུམ་ཉིད་དུ་གནས་སོ་ཞེས་བཀྲལ་ཡོད་པའང་རྩོམ་ལུས་ཀྱི་དབྱེ་བ་ཙམ་ལ་ཁྱབ་མཉམ་དུ་སོང་བ་ལས་བྱེ་བྲག་རྩོམ་རིག་གི་རྩོམ་ལུས་གནད་དོན་དཔྱིས་ཕྱིན་པའམ་དམིགས་སུ་བཀར་ནས་བསྟན་པ་ཞིག་མིན། དེང་གི་རྩོམ་རིག་གཞུང་ལྟར་ན་རྩོམ་རིག་གི་ལུས་ཞེས་པ་བརྩམས་ཆོས་ཀྱི་རྗོད་བྱེད་སྦྱོར་ལུགས་སྡེབ་སྟངས་དང་། རྩོམ་ཁོག་སྒྲིག་བཀོད། མཚོན་སྟངས་སྤེལ་ལུགས་ལྟ་བུ་ཕྱིའི་རྣམ་པ་གྲུབ་བྱེད་ཀྱི་རྒྱུ་ཁོ་ན་མིན་པར་བརྩམས་ཆོས་སྤྱིའི་ནང་དོན་དང་རྣམ་པ་གཉིས་ཀའི་ཆར་འབྲེལ་བ་དམ་པོ་ཡོད་ཅིང་། ཕྱིའི་རྣམ་པའི་གྲུབ་ཆའང་རྩོམ་རིག་འཕེལ་རྒྱས་ཀྱི་བྱ་རིམ་ནང་རྩོམ་པ་པོས་གསར་སྐྲུན་དང་བསྡུ་ལེན་བགྱིས་པ་ལས་བྱུང་བའི་མཛེས་དཔྱོད་ཚད་མཐུན་པ་ཞིག་ཡིན་ཞིང་། མཛེས་དཔྱོད་ཀྱི་ཚད་གཞི་མི་འདྲ་བའི་དབང་གིས་རྩོམ་ལུས་རེ་རེའི་ཁྱད་ཆོས་དང་རེ་བའང་འདྲ་ཡི་མེད།
གཉིས་པ། བོད་ཀྱི་རྩོམ་ལུས་དབྱེ་བ།
        རྩོམ་རིག་གི་ལུས་ལ་རིགས་དང་དབྱེ་བ་སྣ་ཚོགས་ཤིང་རྣམ་པའང་མི་འདྲ་བ་མང་པོ་ཡོད། རྒྱལ་ཁབ་ཕྱི་ནང་གི་གཞུང་ལུགས་པ་མང་པོས་དེའི་འཕེལ་རྒྱས་ཀྱི་ཆོས་ཉིད་སོགས་རྟོགས་པའི་ཆེད་དུ། རྩོམ་ལུས་ཀྱི་དབྱེ་བ་འདི་རྩོམ་རིག་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་སྒོ་ཞིག་དང་གནད་འཛིན་ས་ཞིག་ཏུ་བརྩིས་ནས་དབྱེ་བ་སྣ་ཚོགས་ཕྱེ་ཡོད། འོན་ཀྱང་རྣམ་པར་དབྱེ་བའི་ཚད་གཞི་དང་བྱེད་ཐབས་མི་འདྲ་བའི་དབང་གིས་དབྱེ་ཚུལ་འདྲ་ཡི་མེད་ལ་སྦྱར་བའི་བརྡ་ཡང་འདྲ་ཡི་མེད། དེས་ན། ང་ཚོས་གནད་ཟིན་ཅིང་རིན་ཐང་ཆེ་བའི་དཔྱད་གཞིའི་ཡིག་ཆ་རྣམས་ལ་ཞིབ་བསྡུར་འགལ་འཛོལ་བྲལ་བ་དང་རྩོམ་རིག་གི་རབ་དབྱེ་ཚན་རིག་དང་མཐུན་པ་ཞིག་བྱེད་རྒྱུའང་གལ་ཆེའོ།།
གཅིག སྔར་བྱུང་རྩོམ་རིག་གི་རྩོམ་ལུས་དབྱེ་ཚུལ། གནའ་རབས་རྩོམ་རིག་སྤྱིའི་གནས་སྟངས་ལ་བསམ་གཞིག་བགྱི་སྐབས་རང་ཚུགས་ཐུབ་པའི་རྩོམ་ལུས་མི་ཉུང་ཙམ་རང་ཤུགས་སུ་གྲུབ་ཡོད། སྙན་རྩོམ་དང་། སྒྲུང་གཏམ། ལོ་རྒྱུས་རྟོགས་བརྗོད་རྩོམ་རིག་གསུམ་ནི་གནའ་རབས་རྩོམ་ལུས་ཆེ་བ་ཁག་གསུམ་ཡིན་པ་དང་། དེ་དག་སོ་སོར་ཡང་རྩོམ་ཚུལ་མི་འདྲ་བར་བརྟེན་ནས་ནང་གསེས་མང་དུ་ཕྱེ་ཡོད་དེ། སྙན་རྩོམ་ལ་གླུ་ཚིག་དང་། ལེགས་བཤད། གབ་ཚིག གཏམ་དཔེ། མོ་ཚིག་བཅས་ཀྱི་དབྱེ་བ་ཕྱེ་ཆོག་པ་ལྟ་བུ་ཡིན། དེ་ལྟར་གནའ་རབས་སུ་ལག་ལེན་གྱི་དར་རྒུད་ལ་གཞིགས་ནས། རྩོམ་ལུས་མི་ཉུང་ཙམ་གྲུབ་ཡོད་ནའང་རིགས་པའི་གཞུང་ལུགས་ཐོག་ནས་མཐའ་དཔྱོད་ཀྱི་དབྱེ་བ་ངེས་སྲོལ་ལྡན་པ་ཞིག་ཆགས་མེད་པའང་དོན་དངོས་ཡིན། དུས་རབས་བཅུ་གསུམ་པར་རྒྱ་གར་གྱི《སྙན་ངག་མེ་ལོང》བོད་དུ་བསྒྱུར་བ་དང་སྙན་གཞུང་དེ་ནི་བོད་ཀྱི་རྩོམ་རིག་ལག་ལེན་དང་འཚམས་ཤིང་མཐུན་པའི་དབང་གིས་བོད་ས་མཐོར་ཡུན་རིང་མི་འགོར་བར་རྐང་པ་ཚུགས་ཐུབ་པ་བྱུང་བ་དང་། དེ་སྔོན་བོད་ལ་ཅུང་ཆ་ཚང་བའི་རྩོམ་གཞུང་ཞིག་མེད་པའི་སྟོང་ཆ་བསྐངས་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིག་ལག་ལེན་གྱི་མཛུབ་ཁྲིད་བྱེད་པོར་གྱུར་པ་རེད། སྙན་གཞུང་དེའི་ནང་བསྟན་པའི་རྒྱ་གར་གནའ་བོའི་རྩོམ་རིག་ལག་ལེན་དང་མཐུན་པའི་རྩོམ་ལུས་ཚིགས་བཅད་དང་། ཚིག་ལྷུག་བཅད་ལྷུག་སྤེལ་མ་གསུམ་བོད་ཀྱི་རྩོམ་ལུས་དབྱེ་བའི་ཚད་གཞིར་ཡང་གྱུར་ཡོད་པ་རེད།
        བར་དུས་དང་ཉེ་རབས་ཀྱི་དུས་སྐབས་སུ་གནའ་རབས་ཀྱི་རྩོམ་སྲོལ་མང་པོ་རྒྱུན་འཛིན་ཐོག་དུས་རབས་སོ་སོའི་དགོས་མཁོ་དང་འཚམས་པའི་རྩོམ་རིག་གི་རྣམ་པ་མི་ཉུང་ཙམ་བྱུང་ཞིང་། རང་ཚུགས་ཐུབ་པའི་རྩོམ་ལུས་གསར་པའང་མང་པོ་ཐོན་ཡོད། དཔེར་ན། མགུར་དང་ལེགས་བཤད་བཅས་པའི་རྩོམ་ལུས་རྣམས་སིལ་བའི་དུས་རྩོམ་ལུས་ཀྱི་རྣམ་པ་སོ་སོར་རྦད་དེ་གྲུབ། དེ་བཞིན་དུས་སྐབས་དེར་མི་སྣའི་རྟོགས་བརྗོད་དང་། འཁྲབ་གཞུང་རྩོམ་རིག་འཕྲིན་རྩོམ། བརྩམས་སྒྲུང་བཅས་པའི་རྩོམ་ལུས་གསར་པའང་མི་ཉུང་བ་ཙམ་ཐོན་པ་མ་ཟད། འགའ་ཞིག་རང་ཚུགས་ཐུབ་པའི་རྩོམ་ལུས་ཀྱི་རྣམ་པ་གྱུར་ཡོད་པ་རེད། དེས་ན་བོད་ཀྱི་རྩོམ་རིག་གི་ངོས་ནས་བཤད་ན། མེ་ལོང་ལས་རྩོམ་ལུས་ཀྱི་རིགས་དབྱེ་སྲོལ་བྱུང་བ་དང་དོན་དངོས་རྩོམ་རིག་ལག་ལེན་ནང་དུའང་རྩོམ་ལུས་མང་རབས་ཤིག་རང་ཤུགས་སུ་གྲུབ་ཡོད་པར་ཚིག་ཐག་བཅད་ནས་བཤད་ཆོག
        སྔར་བྱུང་བོད་ཀྱི་རྩོམ་རིག་གི་རྩོམ་ལུས་དབྱེ་སྲོལ་ནི། རྒྱ་གར་ནས་ཚུར་བླངས་པ་ཡིན་མོད། འོན་ཀྱང་དབྱེ་སྲོལ་ཞིག་ཡིན་པ་རྒྱ་གར་ཙམ་མ་ཟད། རྒྱ་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ཀྱིས་ཀྱང་བདེན་དཔང་བྱེད་ཐུབ། གནའ་བོའི་རྩོམ་རིག་གི་རྩོམ་ལུས་དབྱེ་སྲོལ་དེ་ཉེ་རབས་བོད་ཀྱི་རྩོམ་རིག་ལ་བཀོལ་བ་འཚམས་ནའང་། དེང་གི་དུས་སུ་སྐྱེ་བོ་མི་ཉུང་བ་ཞིག་གི་བློ་ངོར་བོད་ཀྱི་རྩོམ་རིག་ལ་རྩོམ་ལུས་ཀྱི་སྒོ་ནས་དབྱེ་བ་དེ་གསུམ་རང་ལས་འབྱེད་མི་དགོས་པ་ལྟ་བུའི་ལོག་རྟོག་འཛིན་གྱི་ཡོད། དེ་ནི་དེང་རབས་རྩོམ་རིག་ལག་ལེན་སྒོ་ཀུན་ནས་འཕེལ་རྒྱས་སོང་བའི་དོན་དངོས་དང་མི་འཚམས་ཤིང་། རྩོམ་རིག་གསར་རྩོམ་གྱི་དགོས་མཁོ་དང་དེ་བས་མི་མཐུན་པས། དཔྱད་པ་དོན་མཐུན་ཞིག་བྱེད་རིགས། རྩོམ་ལུས་ལ་བཅད་ལྷུག་སྤེལ་མ་ཞེས་ཚིག་རྐང་གི་རྐང་པ་བཅད་མི་བཅད་ཁོ་ནའི་ཐོག་ནས་གསུམ་དུ་དབྱེ་བའི་སྲོལ་དེ་གནའ་རབས་ཀྱི་དབྱེ་སྲོལ་ཡིན་པས། དེ་དེང་གི་རྩོམ་རིག་ལ་སྦྱར་ན། བོད་ཀྱི་རྩོམ་རིག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་མི་ཕན། སྤྱིར་རྩོམ་རིག་གི་རིགས་གང་འདྲ་ཞིག་ཡིན་ནའང་དེའི་ཁོངས་སུ་བསྡུ་ཐུབ་པ་ལྟར་སྣང་། ཡིན་ནའང་དེ་ཚིག་སྦྱོར་ཁོ་ནའི་ཆ་ནས་རྩོམ་ལུས་དབྱེ་བ་ཕྱེ་པས་རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་བར་གྱི་རྩ་དོན་འཛིན་མ་ཐུབ་པར་རྩོམ་རིག་ཡིན་པའི་རིགས་མང་པོ་ཞིག་དེའི་ཁོངས་སུ་སོང་ནས་ཁྱབ་ཆེ་བའི་སྐྱོན་ཡོད། བཅད་ལྷུག་སྤེལ་མའི་ལོ་རྒྱུས་དང་། ཆབ་སྲིད་ཀྱི་རིགས་ལའང་ཡོད་པ་དང་། སུམ་རྟགས་ཀྱི་རྩ་བ་ལྟ་བུ་ཚིགས་བཅད་ཡིན་ནའང་རྩོམ་རིག་གི་བརྩམས་ཆོས་མིན་པའི་ཕྱིར། དེར་བརྟེན་ང་ཚོས་སྲོལ་རྒྱུན་རྩོམ་ལུས་དབྱེ་སྲོལ་གྱི་སྐྱོན་ཆ་རྣམས་མཐོང་བ་བྱས་ནས་དེའི་རྨང་གཞིའི་ཐོག་དེ་དེང་གི་རྩོམ་རིག་ལག་ལེན་དང་མཐུན་པའི་རྩོམ་ལུས་དབྱེ་སྲོལ་ཞིག་བྱ་དགོས།
གཉིས། དེང་རབས་རྩོམ་རིག་གི་རྩོམ་ལུས་དབྱེ་ཚུལ། 
        དེང་དང་འཚམས་པའི་རྩོམ་ལུས་ཀྱི་དབྱེ་བ་འབྱེད་པར་འཇུག་སྐབས་རྩོམ་ལུས་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཡོད་པ་ཙམ་དང་། སྔར་བྱུང་བོད་ཀྱི་རྩོམ་ལུས་དབྱེ་སྲོལ་སྐོར་ཞིབ་འཇུག་བྱས་པ་ཙམ་གྱི་མི་ཆོག་པར། ད་དུང་བོད་ཀྱི་རྩོམ་རིག་ལག་ལེན་གྱི་གནས་སྟངས་ཅི་འདྲ་ཞིག་ཡིན་པ་ཡང་དབྱེ་ཞིབ་རགས་ཙམ་བྱེད་དགོས། དོན་དུའང་བོད་ཀྱི་དེང་རབས་རྩོམ་རིག་གིས་སྔར་གྱི་རྩོམ་སྲོལ་བཟང་པོ་རྣམས་རྒྱུན་འཛིན་གང་ལེགས་བྱས་ཐོག་མི་རིགས་གཞན་དང་སྐད་རིགས་གཞན་གྱི་རྩོམ་རིག་གསར་རྩོམ་གྱི་ལེགས་ཆ་རྣམས་ཀྱང་ལེན་གང་ཐུབ་བྱས་པས། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་སྔ་ན་མེད་པའི་གྲུབ་འབྲས་ཐོབ་བཞིན་ཡོད་པ་དང་། རྩོམ་རིག་གསར་རྩོམ་དེ་རྣམ་པ་མང་པོའི་རང་བཞིན་དུ་འཕེལ་རྒྱས་སོང་སྟེ་རྩོམ་ལུས་གསར་པའི་དཔྱིད་དཔལ་བཞད་བཞིན་ཡོད།
        བོད་རང་ལ་དེ་སྔ་རྩོམ་རིག་སྤྱི་ལ་བཀོལ་རུང་བའི་དབྱེ་བ་འབྱེད་ཚུལ་ཞིག་མེད་མོད། འོན་ཀྱང་རྩོམ་ལུས་ཀྱི་དོན་སྤྱི་ཙམ་ཞིག་དང་། སྙན་ངག་གི་ལུས་ལ་དབྱེ་བ་འབྱེད་ཚུལ་ཞིག《སྙན་ངག་མེ་ལོང》བོད་དུ་བསྒྱུར་བ་ནས་བྱུང་ཡོད། དེ་ལྟ་བུའི་དབྱེ་བའང་སྙན་ངག་གཙོ་བོར་བཟུང་ནས་རྗོད་བྱེད་ཀྱི་ཕྲེང་བ་ཙམ་ལ་རྐང་པ་བཅད་མ་བཅད་ཀྱི་ཁྱད་པར་དང་། འཇམ་ཁ་དང་སྣར་ཐང་པ། རོང་བ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་གཏམ་རྒྱུད་དང་སྡེ་བཞི་སོགས་ཀྱང་སྙན་ངག་གི་ལུས་སུ་འཆད་ཅིང་། ལ་ལ་དོན་གྱི་ལུས་དང་ཚིག་གི་ལུས་ཞེས་འགྲེལ་ཡོད་པ་ནི་ཚིག་དོན་གཉིས་ཀའི་ཆ་ནས་རྩོམ་ལུས་ལ་དཔྱད་པའི་མགོ་འབུས་ཙམ་དུ་སྣང་ནའང་། རྒྱལ་དབང་ལྔ་པས། “འཁྱོག་པར་འགྲེལ་བ”ཞེས་བཞེད་མཐུན་དུ་མ་སོང་བས་བཀག གཞན་ཡང་གནའ་རབས་ཀྱི་རྩོམ་རིག་དང་། ལོ་རྒྱུས། མཚན་ཉིད་རིག་གནས་ཁྱད་པར་ཆེ་བ་རྣམས་ཀྱི་དབྱེ་བ་གསལ་པོ་ཕྱེ་མེད་ལ། རྩོམ་རིག་དངོས་དང་ལྟར་སྣང་གི་ཁྱད་པར་རམ་དབྱེ་མཚམས་ཀྱང་བསྣོལ་ཅིང་འཛོལ་ཡོད་པས་ན། བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སྤྱི་ལ་ཁྱབ་ཅིང་ཡང་དག་པའི་རབ་དབྱེ་ཞིག་འབྱུང་རྒྱུའང་ཆེས་ཤིན་ཏུ་དཀའ་བའི་གནས་ཤིག་གོ གནའ་ནས་བཟུང་རིག་པའི་གནས་རྣམས་དར་ཞིང་རྒྱས་པའི་ནང་སར་ཡང་རྩོམ་རིག་གི་རྣམ་པ་སྣ་ཚོགས་པ་བྱུང་ཡང་། ཚན་རིག་དང་མཐུན་པའི་རབ་དབྱེ་རེ་རེ་བ་ཞིག་གསལ་པོར་ཕྱེ་ཡོད་པ་མ་མཐོང་། “ལྔ་བཞིའི་རྩོམ་རིག་གསར་བཅོས་བྱས་པའི་རྗེས་སུ། རྩོམ་རིག་སྒྱུ་རྩལ་སྨྲ་བ་རྣམས་ཀྱིས་གནའ་བོའི་ཉམས་མྱོང་དང་ནུབ་གླིང་པའི་ལེགས་ཆ་མང་པོ་བསྡུ་ལེན་བྱས་ཤིང་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱུན་དང་བསྟུན་ནས། རྩོམ་རིག་གི་ལུས་སྙན་ངག་དང་། ལྷུག་རྩོམ། སྒྲུང་གཏམ། ཟློས་གར་བཅས་བཞི་རུ་དབྱེ་སྟངས་གསར་དུ་འབྱེད་ཅིང་ཁྱབ་གདལ་དུ་བཏང་། འདི་ལ་བཞི་རུ་འབྱེ་ཚུལ་ཞེས་ཟེར་ཞིང་། རིགས“བཞི་རུ་འབྱེད་ཚུལ”ཞེས་པ་ནི་རྩོམ་རིག་གི་ལུས་ཀྱི་དབྱེ་བ་འབྱེད་ཚུལ་ཞིག་ཡིན་ཞིང་། དེ་ནི་ལུས་ཀྱི་གྲུབ་ལུགས་དང་། ཚིག་སྦྱོར་སྤེལ་སྟངས་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་ནས“རྩོམ་རིག་ལ་སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ། ཟློས་གར་བཅས་རྩོམ་ལུས་རིགས་བཞི་རུ་དབྱེ་བ་འབྱེད་པ་ཞིག་ཡིན། དབྱེ་ཚུལ་དེ་ནི་གཙོ་བོ་རྒྱའི་རྩོམ་རིག་གི་ཁྱད་ཆོས་བཞིར་བཟུང་ནས་གཏན་ལ་ཕབ་པ་ཞིག་ཡིན་ཞིང་། རྒྱའི་རྩོམ་རིག་གི་ངོས་ནས་བལྟས་ན་དབྱེ་ཚུལ་དེ་ལ་བསྟན་བཅོས་ཀྱི་རྣམ་པའི་ཁྱད་པར་གསལ་བ་དང་། རྩོམ་རིག་གི་ལུས་གཙོ་བོ་འབུར་དུ་ཐོན་པ། ལྷག་པར་རྣམ་པ་གཅིག་ཏུ་མ་ངེས་པའི་ལྷུག་རྩོམ་ལ་རྩོམ་རིག་གི་ཁྱབ་ཁོངས་སུ་སྒེར་ཚུགས་ཀྱི་གོ་ས་བྱིན་པ་སོགས་དགེ་མཚན་དུ་མ་ཡོད”བོད་ཀྱི་རྩོམ་རིག་སྤྱིའི་དབང་དུ་བྱས་ན་རང་ཚུགས་ཐུབ་པའི་རྩོམ་རིག་གི་རྣམ་པ་གཙོ་བོ་ཡང་དེ་ཙམ་ལས་མ་འདས་ཤིང་། རྩོམ་ལུས་ཀྱི་རྣམ་པ་གཞན་རྣམས་ཀྱང་སྤྱིར་ན་རྩ་བའི་དབྱེ་བ་བཞིའི་ཁོངས་སུ་བསྡུ་ནུས་པ་དང་། དབྱེ་བ་དེ་འདྲ་ཕྱེ་ན་སྤྱིར་རྣམ་པ་མི་འདྲ་བའི་རྩོམ་རིག་གི་བརྩམས་རིག་ཁག་གི་ཁྱད་ཆོས་དང་ཆོས་ཉིད་ཕྱོགས་བསྡོམས་བྱེད་ཐུབ་པ་མ་ཟད། རྩ་བའི་དབྱེ་སྲོལ་བཞིའི་ཁོངས་སུ་བྱེ་བྲག་རྩོམ་ལུས་ཀྱི་དབྱེ་བ་ཡང་མང་དུ་ཕྱེ་ཆོག་པས། དེ་དག་གི་ཆོས་ཉིད་དང་ཁྱད་ཆོས་ཀྱང་ཕྱོགས་བསྡོམས་བྱེད་ཐུབ་པས་ན། རྩོམ་ལུས་སོ་སོའི་ཆོས་ཉིད་བཙལ་ཐུབ་པའི་ཁར་རྩོམ་ལུས་མི་འདྲ་བ་ཕན་ཚུན་བར་གྱི་འབྲེལ་བ་དང་ཁྱད་པར་ལ་ངོས་འཛིན་ཐུབ། དེ་བཞིན་རྩ་བའི་དབྱེ་བ་བཞི་ལ་རིགས་འདྲ་དེང་གི་རྩོམ་རིག་ངོས་ནས་གླེང་ནའང་ལག་ལེན་ཕྱོགས་སྡོམ་གྱི་རིགས་པའི་གཞུང་ལུགས་ཐོག་ནས་དབྱེ་སྲོལ་ཞིག་གཅིག་གྱུར་ཐོག་བྱུང་མེད་པ་མ་གཏོགས། དོན་དངོས་ཐོག་ཚགས་པར་དང་དུས་དེབ་ཁག་ནང་རྩོམ་རིག་གི་བརྩམས་ཆོས་རིགས་མི་འདྲ་བ་ཁག་འགོད་སྐབས་སྙན་རྩོམ་དང་། བརྩམས་སྒྲུང་། ལྷུག་རྩོམ། འཁྲབ་གཞུང་རྩོམ་རིག་བཅས་ལེ་ཚན་སོ་སོར་དབྱེ་བ་འབྱེད་ཀྱི་ཡོད། དེའི་ཐོག་ནས་རྩོམ་ལུས་ཀྱི་རྣམ་པ་དེ་དག་རྦད་དེ་རང་ཚུགས་ཐུབ་པའི་རྩོམ་ལུས་ཀྱི་རྣམ་པར་གྲུབ་པ་དང་། བོད་ཀྱི་རྩོམ་རིག་གི་རྩ་བའི་རྩོམ་ལུས་དབྱེ་བ་ཞིག་ལག་ལེན་ཐོག་རང་ཤུགས་སུ་ཆགས་ཡོད་པ། དབྱེ་བ་དེ་དང་རྗེས་སུ་མཐུན་པའི་རྩོམ་རིག་ཞིབ་འཇུག་དང་གསར་རྩོམ་ལ་འཇུག་གི་ཡོད་པའང་མཐོང་ཐུབ།
༡ སྙན་རྩོམ་གྱི་སྐོར། སྙན་རྩོམ་དར་བ་ནས་བཟུང་ད་བར་མིའི་རིགས་ཀྱི་ལོ་རྒྱུས་དང་མཉམ་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན། འགྲོ་བ་མི་བྱུང་བ་ནས་སྙན་རྩོམ་དར་བ་དང་རྩོམ་ཚུལ་དེ་ནི་བོད་ཀྱི་རྩོམ་རིག་ནང་གྲངས་འབོར་དང་སྤུས་ཚད། ནང་དོན་དང་རྣམ་པ་ག་ནས་བལྟས་ཀྱང་གནས་བབ་ངེས་ཅན་བཟུང་ཡོད། འོ་ན་རྩོམ་ཚུལ་རིགས་བཞི་དབྱེ་བའི་ནང་གསེས་སྙན་རྩོམ་ཞེས་པའི་གོ་དོན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། བོད་ཀྱི་སྙན་གཞུང་ཁག་ཏུ་སྙན་ངག་གི་གོ་དོན་ལ་“རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག”ཞེས་སྤྱིར་བཏང་བཞེད་པ་གཅིག་མཐུན་གྱི་ཐོག་ནས་བཞག་ཡོད། དེ་ནི་སྙན་ངག་དེ་རྩོམ་རིག་དང་གོ་དོན་མཉམ་པའི་ཐོག་ནས་བཞག་པ་ཞིག་ཡིན་པས། དེང་རྩོམ་གྱི་རིགས་པའི་གཞུང་ལུགས་ནང“རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ”ཡིན་ཞེས་པ་དང་མཚུངས་པ་ཞིག་རེད།
༢ ལྷུག་རྩོམ་གྱི་སྐོར། ལྷུག་རྩོམ་ནི་རྩོམ་ལུས་ཀྱི་རྣམ་པ་བྱེ་བྲག་པ་ཞིག་ཡིན། “ལྷུག་རྩོམ་ལ་རང་གི་དོན་མཐུན་མཚན་ཉིད་ཅིག་འཇོག་ཁུལ་བྱས་ན་འདི་ལྟ་སྟེ། ཕྱི་རོལ་གྱི་དོན་སྣང་བདེན་འབྲེལ་གྱི་རིགས་གཞིར་བྱས། རྩོམ་པ་པོའི་འཆར་སྣང་རྟོག་བཏགས་དང་འབྲེལ་ཞིང་། འབྲི་ཐབས་ཅི་བདེར་སྤྱད་པའི་ཚིག་ལྷུག་གི་རྩོམ་རིག་རྣམ་པ་ཞིག་ཡིན། དེར་ཁྱད་ཆོས་གཙོ་བོ་གསུམ་ཙམ་ཡོད་དེ། ཁྱད་ཆོས་དང་པོ། ཕྱི་རོལ་གྱི་དོན་སྣང་བདེན་འབྲེལ་གྱི་རིགས་གཞིར་བྱས་ཞེས་པ་ནི། རྩོམ་པ་པོར་དངོས་སམ་བརྒྱུད་ནས་ཐོབ་པའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མིའམ་དོན་རྐྱེན་གང་ཞིག་གི་གནས་ཚུལ་མཐོང་ཐོས་རྣམས་རྩོམ་གཞིར་བརྟེན་ནས་ཞིབ་འབྲི་བྱེད་པ་ལ་ཟེར། ཁྱད་ཆོས་གཉིས་པ། རྩོམ་པ་པོའི་འཆར་སྣང་རྟོགས་བཏགས་དང་འབྲེལ་ཞིང་འབྲི་ཐབས་ཅི་བདེར་སྤྱད་པ་ཞེས་པ་ནི། དེ་འདྲའི་དོན་སྣང་བདེན་འབྲེལ་གྱི་རྩོམ་གཞི་གང་དེ་ཇི་མ་ཇི་བཞིན་རེངས་པོར་མཚོན་པ་ཞིག་མ་ཡིན་པར། ངེས་པར་དུ་རྩོམ་པ་པོའི་བསམ་བཀོད་ཕུན་སུམ་ཚོགས་པའི་འཁྱོག་བརྗོད་ལ་སོགས་པའི་སྒྱུ་རྩལ་གྱི་ལམ་ནས་མཚོན་དགོས་པ་དེ་ཡིན། ཁྱད་ཆོས་གསུམ་པ། ཚིག་ལྷུག་གི་རྩོམ་རིག་རྣམ་པ་ཞེས་པ་དེ་རྗོད་བྱེད་རྣམས་སྙན་ཞིང་འཇེབས་ལ་རྒྱན་གྱིས་སྤུད་པ་དང་ཡིད་དབང་འཕྲོག་པའི་ཉམས་འགྱུར་སྙན་ངག་དང་གཉིས་སུ་མ་མཆིས་པའི་རྩོམ་རིག་གི་རྣམ་པ་བྱེ་བྲག་པར་གཏོགས་དགོས་པའི་ལྷུག་རྩོམ་ཞིག་ཡིན་དགོས་པ་ལས། རྐང་པ་བཅད་པའི་རྩོམ་གྱི་རིགས་སུ་གྱུར་པའི་སྤྱོད་ཚུལ་སྤྱིར་བཏང་བ་དེ་འདྲ་མིན་ལུགས་སྟོན་པ་བཅས་ཡིན་ནོ།།”
༣ བརྩམས་སྒྲུང་གི་སྐོར། བརྩམས་སྒྲུང་ནི་མི་སྣའི་གཟུགས་བརྙན་སྐྲུན་རྒྱུ་ལྟེ་བར་འཛིན་པའི་རྩོམ་ཚུལ་གྱི་རྣམ་པ་ཞིག་ཡིན། བརྩམས་སྒྲུང་གིས་མི་སྣའི་གཟུགས་བརྙན་སྐྲུན་རྒྱུ་གཙོ་བོར་བཟུང་ནས་སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་མཚོན་ཐུབ་པ་དང་། རྩོམ་སྲོལ་འདི་དར་བ་ཕྱི་ནའང་སྐད་རིགས་མི་འདྲ་བའི་རྩོམ་རིག་གི་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་རྩོམ་ཚུལ་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད། བརྩམས་སྒྲུང་ཞེས་པའི་རྩོམ་ཚུལ་གྱི་རྣམ་པ་འདི་ནི་ཐོག་མར་ལྷ་སྒྲུང་དང་གཏམ་རྒྱུད་ལ་སོགས་པ་ཕེལ་རྒྱས་བྱུང་ནས་ཆགས་པའི་རྩོམ་སྲོལ་ཞིག་ཡིན་ཞིང་། སྤྱི་ཚོགས་ཀྱི་འཚོ་བ་མཚོན་པར་རང་རང་གི་དམིགས་བསལ་ཁྱད་ཆོས་དང་སྒྱུ་རྩལ་གྱི་ནུས་པ་ཡོད། ལྷག་པར་དུ་རྒྱ་ཆེ་རྙོག་འཛིང་ཅན་གྱི་སྤྱི་ཚོགས་འཚོ་བ་མཚོན་པར་རྩོམ་ཐབས་འདི་ནི་ཁྱད་དུ་འཕགས་པ་ཞིག་ཡིན།
༤ ཟློས་གར་འཁྲབ་གཞུང་། ཟློས་གར་འཁྲབ་གཞུང་ནི་གར་སྟེགས་ཐོག་ཏུ་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་རྣམ་པ་ཞིག་ལ་གོ་དགོས།དེ་ཡང“འཁྲབ་གཞུང་རྩོམ་རིག་ནི་གར་སྟེགས་ཐོག་འཁྲབ་སྟོན་བྱ་རྒྱུར་མཁོ་འདོན་བྱས་པའི་གཞུང་དེར་ཟེར། དེ་ནི་ཟློས་གར་ལ་ཉེ་བར་མཁོ་བའི་རྩོམ་རིག་ཅིག་ཡིན་པ་དང་ཟློས་གར་འཁྲབ་སྟོན་གྱི་གཞི་མ་ཡིན་ཞིང་། ཟློས་གར་སྒྱུ་རྩལ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། དེའི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱི་རྨང་གཞི་ཡིན། ཟློས་གར་གྱི་སྒྱུ་རྩལ་ནང་རྩོམ་རིག་དང་། མཛེས་རིས། རོལ་དབྱངས་གར་ལ་སོགས་པའི་སྒྱུ་རྩལ་རྣམས་གཏོགས་ཤིང་དེ་ནི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་ཞིག་ཡིན།”
མཇུག་བསྡུའི་གཏམ། 
        གནའ་བཟང་དེང་སྤྱོད་དང་། ཕྱི་བཟང་ནང་སྤྱོད་ཀྱི་དགོངས་པ་ལྟར་བོད་ཀྱི་སྲོལ་རྒྱུན་རྩོམ་ལུས་ཀྱི་དབྱེ་བ་འབྱེད་སྟངས་ཀྱང་མི་རིགས་གཞན་གྱི་རྩོམ་ལུས་དབྱེ་བ་འབྱེད་སྟངས་ཀྱི་ལེགས་ཆ་བསྡུས་ནས། རྩོམ་ལུས་རིགས་དབྱེའི་རྣམ་བཞག་ཅུང་དོན་དངོས་དང་མཐུན་པ་ཞིག་གཏན་ལ་ཕབ་པ་ཡིན་ལ། དེང་དང་འཚམས་པ་ཡང་དངོས་ཡོད་ཡིན། འོན་ཀྱང་འདི་ནི་རང་ཉིད་ཁོ་ནའི་མྱོང་ཚོར་ཡིན་པས། དོན་ལ་གནས་མིན་རྩོམ་པ་པོ་དང་ཤེས་ལྡན་རྣམས་ཀྱིས་དཔྱད་བརྗོད་གནང་རོགས་ཞེས་ལྷག་བསམ་རྣམ་དག་གི་རེ་བ་ཞུ་རྒྱུ་ཡིན། 
                          (བོད་ལྗོངས་སློབ་ཆེན་གྱི་2015ལོའི་བོད་སྐད་ཡིག་དང་རྩོམ་རིག་གི་ཞིབ་འཇུག་སློབ་མ་བཀྲིས་བཟང་པོ།)

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1