༄༅།།བོད་ཀྱི་རི་མོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

ཚངས་དབང་དགེ་འདུན་བསྟན་པ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-25


ཚངས་དབང་དགེ་འདུན་བསྟན་པ།

        སྤྱིར་བཤད་ན་བོད་ཀྱི་རི་མོའི་ལོ་རྒྱུས་བྱ་བ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་དེ་འདྲ་ཞིག་ཡིན་པས། ང་ཚོས་འདིར་ཉིན་གཉིས་གསུམ་ལ་བཤད་ཐུབ་པ་ཞིག་མ་རེད། དེ་རིང་ང་ཚོས་འདིར་གླེང་བ་ནི་སྤྱི་དོན་ཙམ་ཞིག་ངེས་སུ་འཇུག་རྒྱུ་དེ་རེད། གཙོ་བོ་རྒྱུན་ཤེས་ཀྱི་སྐོར་ཡིན། དེ་རིང་བཤད་པ་དང་ཁྱེད་ཅག་གིས་སྔོན་ཆད་གོ་མྱོང་བའམ་བལྟས་མྱོང་བའི་བོད་ཀྱི་རི་མོའི་ལོ་རྒྱུས་ཀྱི་ནང་དོན་ནམ་བཤད་ཚུལ་དང་ཅུང་མི་མཐུན་ནའང་ཐང་། ཡིན་ནའང་འདིར་བཤད་པ་དག་ནི་ང་རང་གི་ལྟ་ཚུལ་ཡིན་པས། ནོར་འགལ་ཅི་བྱུང་ནའང་ང་རང་གི་གནད་དོན་རེད། དེང་སྐབས་ཡིན་ན། རྒྱལ་སྤྱིའི་བོད་རིག་པའི་སྒྲོམ་གཞི་ལྟར་ན། བོད་ཀྱི་རི་མོའི་ལོ་རྒྱུས་བྱུང་རབས་ལ་སྤྱིའི་ཆ་ནས་དབྱེ་བ་འདི་འདྲ་ཞིག་བཀར་ནས་བཤད་ཀིན་འདུག
༡.བསྐལ་པ་ཡ་ཐོག་གམ་གདོད་མའི་རི་མོ།
༢.ཡར་ཀླུངས་རྒྱལ་རབས། ཞང་ཞུང་རྒྱལ་རབས། འ་ཞའི་རྒྱལ་རབས། སུམ་པ་རྒྱལ་རབས་སྐབས་ཀྱི་རི་མོ།
༣.བཙན་པོའི་རྒྱལ་རབས་ཀྱི་རི་མོ།
༤.སིལ་བུར་ཐོར་བའི་དུས་སྐབས་ཀྱི་རི་མོ།
༥.ས་སྐྱའི་སྐབས་ཀྱི་རི་མོ།
༦.ཕག་གྲུ་སྲིད་གཞུང་སྐབས་ཀྱི་རི་མོ།
༧.རིན་སྤུངས་སྐབས་ཀྱི་རི་མོ།
༨.གཙང་པ་རྒྱལ་པོའི་སྐབས་ཀྱི་རི་མོ།
༩.དགའ་ལྡན་ཕོ་བྲང་སྐབས་ཀྱི་རི་མོ།

༡༠.དེང་རབས་རི་མོ་བཅས་སྡེ་ཚན་བཅུ་བཀར་ནས་བཤད་ཡོད་དོ།།

        དོ་དགོང་འདིར་བོད་ཀྱི་རི་མོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་ཤིག་བྱ་རྒྱུ་ནི། གཙོ་བོ་སོ་སོའི་སེམས་ལ་ངེས་རྒྱུ་དེ་རེད། དེ་འདྲ་ཡིན་ཕྱིན། དོ་དགོང་ངས་འདི་ནས་བཙན་པོའི་རྒྱལ་རབས་ཀྱི་རི་མོའི་སྐོར་སྤྱི་ཁོག་ཅིག་བཤད། འདིའི་སྐོར་དམིགས་བཀར་གྱིས་བཤད་དགོས་དོན་ནི། བཙན་པོའི་རྒྱལ་རབས་ཀྱི་རི་མོ་དང་འབྲེལ་བའི་གནའ་རྫས་སམ་ཅ་ལག་སྐོར་ཞིག་དེང་སང་ཡང་ལྷག་ཡོད་པར་མ་ཟད་དངོས་སུ་མཇལ་རྒྱུ་ཡོད་པ་རེད། གཞན་ལྟོས་འཇོག་གིས་ཡིག་ཚང་ཡང་ཅུང་གསལ་བོ་ཡིན་པས་སོ།། དེ་ནས་ཁོམ་ལོང་བྱུང་ན། སིལ་བུར་ཐོར་བའི་དུས་སྐབས་ཀྱི་རི་མོའི་སྐོར་བཤད། དེ་ལྟར་མུ་མཐུད་དུ་བཤད་རྒྱུ་བྱས་ན་ཅུང་ཟད་ཆ་ཚང་ལ་གོ་རིམ་ཅན་ཞིག་ཆགས་རྒྱུ་རེད་འདོད།

གཅིག    བོད་བཙན་པོའི་རྒྱལ་རབས་སྐབས་སུ་བོད་ལ་རི་མོའི་འབྲི་ལུགས་གཙོ་བོ་གསུམ་བྱུང་ཡོད། སྐྱུ་ར་ལྷ་ཆེན་ལུགས་དང་། རྒྱལ་ལུགས། ལྡན་ལུགས་བཅས་སོ།།
        སྐྱུ་ར་ལྷ་ཆེན་བྱ་བ་ནི་ལྷ་བཟོ་ཞིག་གི་མིང་རེད། ཡིན་ཡང་། ཁོང་གི་མིང་དངོས་ཡིན་ས་མ་རེད། ཁོང་གི་རུས་དེ་སྐྱུ་ར་ཡིན་པས་སྐྱུ་ར་ལྷ་ཆེན་ཞེས་ཐོགས་པ་ཡིན་འདུག ལོ་རྒྱུས་ཡིག་ཚང་དང་གཙིགས་ཡིག་འདྲ་མིན་ཁག་ལ་བརྟགས་ན་ཁོང་གི་འཁྲུངས་ཡུལ་དེ་དེང་གི་ཡུལ་ཤུལ་རྫོང་ཡིན་ནམ་སྙམ། འབིས་རྣམ་སྣང་གི་བྲག་བརྐོས་གཙིགས་ཡིག་ཏུ། ལྷ་བཟོ་གསུམ་གྱི་མིང་ཡོད་པ་གཙོ་བོ་དེ་ཡིན་ནམ་བསམ།
 རྒྱལ་ལུགས་ལ་ཆོས་རྒྱལ་ལུགས་ཀྱང་ཟེར། འདི་ལ་བཤད་ཚུལ་གཉིས་འདུག ལ་ལས་རྒྱལ་ལུགས་བྱ་བ་ནི། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་བཞེངས་པའི་སྐུ་ཐང་ལ་གོ་བ་ཡིན་ཞེས་བཤད། ཁ་ཅིག་གིས་ལྷ་སྐུ་བཞེངས་དུས་རྒྱལ་པོ་དང་བཙུན་མོ་སོགས་ལ་དཔེར་བླངས་ནས་བཞེངས་པ་ཡིན་ཕྱིར་དེ་ལྟར་ཐོགས་ཀྱང་ཟེར། སྦ་བཞེད་དུ། གཟུགས་བཟང་བ་ཁུ་སྟག་ཚས་ལ་དཔེ་བྱས་ཏེ་ཁ་ས་པཱ་ཎི་བཞེངས། རྨ་ས་ཀོང་ལ་དཔེ་བྱས་ཏེ་རྟ་མགྲིན་སྒོ་སྲུང་དུ་བཞེངས། ལྷ་མོའི་དཔེ་ལ་ཅོག་རོ་བཟའ་ལྷ་བུ་སྨན་དང་ཅོག་རོ་བཟའ་ནུ་ཆུང་གཉིས་ལ་དཔེ་བྱས་ཏེ་སྒྲོལ་མ་དང་འོད་ཟེར་ཅན་མ་བཞེངས་པ་སོགས་ཀྱི་ལོ་རྒྱུས་གསལ་བོར་བཀོད་འདུག་པས། དེར་དཔྱད་ན་ཕྱི་མའི་བཤད་ཚུལ་དེ་བདེན་པ་ཡིན་པའི་རྒྱུ་མཚན་འདུག་གོ་སྙམ། 

        ལྡན་ལུགས་ནི། སྐབས་འདིར་ཡིག་གཟུགས་ལ་གོ་མི་ཉན། རི་མོའི་འབྲི་ལུགས་ལ་བཤད་པ་རེད། གཙོ་བོ་ལྡན་ཡུལ་ལམ་འདན་ཁོག་བྱ་བ་དེ་ནས་དར་བའི་བཟོ་ལུགས་ལ་ཟེར། དེང་སང་བཤད་ན། ཡུལ་ཤུལ་རྫོང་དང་སེར་ཤུལ་རྫོང་གཉིས་ལ་གོ    ཡུལ་འདི་དག་ཏུ་དེང་སང་ཡང་ལྡན་ལུགས་ཀྱི་བྲག་བརྐོས་ལྷ་རྟེན་མང་པོ་ཡོད། ལྡན་ལུགས་ཀྱི་བཟོ་སྟངས་དེ་རྒྱལ་ལུགས་དང་ཧ་ཅང་ཐག་ཉེ་བ་ཞིག་ཡིན་འདུག     སྡེ་སྲིད་ཀྱི་བཻ་དཀར་གཡའ་སེལ་དང་། ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་དུ། རྒྱལ་ལུགས་དང་ཉེ་བའི་ལྡན་ལུགས་ཞེས་གསལ་བོར་བཤད་ཡོད། མཁས་པ་ལ་ལས་དེར་གོ་བ་ནོར་ནས་རྒྱ་ལུགས་ཞེས་བསྒྱུར་བ་ནི་ཤིན་ཏུ་མི་རུང་བ་ཞིག་རེད།

གཉིས།   འབིས་རྣམ་སྣང་དང་། ལྷ་མདུན་རྣམ་པར་སྣང་མཛད། འབོམ་རྣམ་པར་སྣང་མཛད། བྲག་སྒོ་ཕྱེས་རྣམ་པར་སྣང་མཛད་སོགས་ནི་རྒྱལ་ལུགས་ལྟར་བཞེངས་པའི་རྣམ་སྣང་རེད་བསམ། རི་མདའི་རྣམ་སྣང་དང་། ཨ་རིག་གི་རྣམ་སྣང་དང་། རྫ་ཆུ་ཁའི་རྣམ་སྣང་བཅས་ནི་ལྡན་ལུགས་ལྟར་གྱི་རྣམ་སྣང་ཡིན་འདུག་སྙམ། འདི་དག་ནི་རང་གིས་དཔྱད་པ་བཏང་ནས་བཤད་པ་ལས། ཡིག་ཚང་དུ་འདི་ལྟར་བཤད་ཡོད་པ་དེ་འདྲ་མ་རེད། གོང་དུ་བཤད་པའི་རྣམ་སྣང་དག་གི་བཞུགས་ཁྲི་ངོས་ཀྱི་སེང་གེ་རྣམས་དང་། བང་སོའི་མདུན་གྱི་སེང་གེ་གཉིས་ཀྱི་བཟོ་ལུགས་ཧ་ཅང་འདྲ་བོ་རེད། ཕྱི་གླིང་གི་མཁས་པ་ཚོས་སེང་གེ་འདིའི་རིགས་ལ་ཏ་ཟིག་གི་སེང་གེ་ཞེས་འབོད་ཀིན་འདུག

གསུམ།   རྒྱལ་ལུགས་དང་། སྐྱུ་ར་ལྷ་ཆེན་ལུགས་དང་། ལྡན་ལུགས་ཀྱི་སྐུ་ཐང་མང་ཤོས་ལ་ལ་ཐོད་འདུག ལ་ཐོད་ལ་ཐོད་དཀྲིས་ཀྱང་ཟེར། ལ་ཐོད་ཀྱི་ཁ་དོག་ནི་ཐོབ་ཐང་ངམ་ལས་རྟགས་གཙོ་བོ་ཞིག་རེད། དཔེར་ན། ལ་ཐོད་དཀར་པོ་ཡིན་ན་ཞི་བ་མཚོན་གྱིན་ཡོད་པས། ལ་ཐོད་དཀར་པོ་མནབས་ཡོད་པའི་སྐབས་སུ་ཞི་བདེའི་ལས་མ་གཏོགས་གཞན་ལས་མི་བྱེད། ལ་ཐོད་ལྗང་ཁུ་ཡིན་ན་དྲག་པོ་མཚོན་གྱིན་ཡོད་པས། དྲག་ལས་དང་གཡུལ་འགྱེད་ཀྱི་སྐབས་སུ་མནབས་པ་ཤོས་ཆེའོ།། ལ་ཐོད་སྔོན་པོ་ཡིན་ན། རིག་གནས་དང་ཐབས་ཇུས་མཚོན་པ་ཡིན་པས། རིག་གནས་ཀྱི་ལས་ཀ་དང་ཚོགས་འདུའི་སྐབས་སུ་མནབས་པ་ཡིན། ལ་ཐོད་དམར་པོ་ནི་དབང་ཐང་གི་མཚོན་དོན་ཡིན་པས། དབང་བསྒྱུར་དང་སྟོབས་ཤུགས་མངོན་པའི་སྐབས་སུ་མནབས་པའོ།། ལ་དྭགས་རྒྱལ་པོའི་རྟེན་མཛོད་ཁང་དུ་ཡོད་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ལ་ཐོད་དེ་དཀར་པོ་རེད། སྐབས་དེའི་ཡིན་མིན་དོགས་གཞི་ཞིག་འདུག   པོ་ཏ་ལའི་ཆོས་རྒྱལ་སྒྲུབ་ཕུག་ཏུ་བཞུགས་པའི་སྲོང་བཙན་གྱི་ལ་ཐོད་དེ་དམར་པོ་རེད། ཕྱིས་ཀྱི་ཚོན་ཡིན་འདུག་ཀྱང་སྔོན་གྱི་སོར་བཞག་ལྟར་ཡིན་སྲིད་ཀྱི་རེད་འདོད། གྲ་ཐང་དགོན་པའི་ལྡེབས་རིས་ཀྱི་ཉེ་སྲས་དང་། བསམ་ཡས་དགོན་པའི་ལྡེབས་རིས་སུ་དཀར་དམར་ལྗང་སྔོ་བཞིའི་ལ་ཐོད་མནབས་ཡོད་པ་མཆིས།

བཞི། ད་སྐབས་ལྷ་བཟོ་མང་ཤོས་ཀྱིས་བྲིས་དང་འབྲི་བཞིན་པའི་ཐང་གའི་ངོས་ཀྱི་གཞལ་ཡས་ཁང་དང་། གཙུག་ལག་ཁང་སོགས་ཀྱི་བཟོ་བཀོད་བྱེད་སྟངས་ནི་རྒྱ་ལུགས་ལྟར་རེད། གཙོ་བོ་རྒྱ་ནག་གི་ཁང་བཟོ་བྱེད་སྟངས་རང་རེད། སྔོན་གྱི་གུ་གེའི་ལྡེབས་རིས་དང་། ཐང་ག་རྙིང་ཤོས་རྣམས་སུ་ཐང་གའི་ངོས་ཀྱི་གཙུག་ལག་ཁང་དང་གཞལ་ཡས་ཁང་གི་བཟོ་བཀོད་ནི་བོད་ལུགས་ཀྱི་ཁང་བཟོ་བྱེད་སྟངས་ལྟར་རེད།བོད་ཀྱི་ཁང་བཟང་བཟོ་བཀོད་དང་རྩིག་པ་སྒྲིག་སྟངས་ཀྱི་ལག་རྩལ་དེ་ཚད་ཧ་ཅང་མཐོན་པོ་རེད། པོ་ཏ་ལ་དང་། ས་སྐྱའི་ལྕགས་རི། རྒྱལ་རོང་སོ་མཁར།བསེ་མཁར་དགུ་ཐོག་སོགས་ལ་གཟིགས་དང་ཤིན་ཏུ་གསལ་ལོ།།   དེ་དག་མ་ཡིག་མི་ལེན་པར་བོད་ཀྱི་བླ་མ་ཚོའི་རྣམ་ཐར་ཐང་གའི་ངོས་ལའང་རྒྱ་ལུགས་ཀྱི་ཁང་བཟང་བཟོ་བཀོད་ལྟར་བྲིས་པ་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མ་ཤེས་པས་གོ་ནོར་བྱུང་བའི་གནས་ཚུལ་རྒྱུན་འབྱམས་སུ་སོང་བ་རེད།

ལྔ། ཚོན་མདངས་གཏོང་ཚུལ་ལའང་དོ་སྣང་ཡག་པོ་བྱེད་ཀིན་མི་འདུག དཔེར་ན། བོད་ཀྱི་ཐང་གའི་ཚོན་མདངས་ནི་བོད་ཀྱི་ཁོར་ཡུག་དང་འབྲེལ་བ་ཡོད་པས། ཚོན་ཆེན་བཀོལ་བ་ཤོས་ཆེ་བ་ཡིན། དེང་སང་ལྷག་ཡོད་པའི་གུ་གེའི་ལྡེབས་རིས་དང་ཐང་ག་རྙིང་ཤོས་སོགས་ལ་བལྟས་ན་ཤེས་ནུས། བོད་ཡུལ་གྱི་ཡུལ་ལུང་རི་གསུམ་གང་ཡིན་ཡང་ཁ་དོག་ཧ་ཅང་གསལ་བོ་ཡིན།གངས་རིའི་མདོག་ནི་དཀར་སང་ངེར་ཡིན་ལ། རྩྭ་ཐང་ཡང་སྔོ་ལྗང་སེ་ཡོད། ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་པ་དཀར་སང་ངེ་བ་འདི་འདྲ་ས་ཆ་གཞན་དུ་མཐོང་དཀོན་པོར་ཆགས་ཡོད། རྒྱ་ནག་གི་ཡུལ་དུ་གངས་རི་མེད་ལ་ནམ་མཁའ་ཡང་སྔོ་ཐིང་ངེར་དེ་འདྲ་མཐོང་དཀོན། ལྷག་པར་དུ་སྤོས་ལྡན་གྲོང་ཁྱེར་ལྟ་བུ་ཡིན་ན། ནམ་མཁའ་ཐལ་རྡུལ་གྱིས་ཁེངས་ཤིང་། རི་ལུང་སྨུག་པས་གཡོགས་ཡོད་པས།    ཡུལ་ལུང་རི་གསུམ་གྱི་ཁ་དོག་དེ་འདྲའི་གསལ་བོ་མིན། དེ་ལ་བརྟེན་ནས། རྒྱ་ནག་གི་རི་མོ་པ་ཚོས་རྒྱལ་སྲོལ་རི་མོའི་ཐོག་ལ་སོ་སོའི་ཁོར་ཡུག་གི་གནས་ཚུལ་མཚོན་ཕྱིར་དུ།    ཐལ་མདོག་དང་ནག་རིས་དེ་བཀོལ་བ་ཤོས་ཆེ་བ་དེ་ཡང་སོ་སོའི་ཁོར་ཡུག་ལ་འབྲེལ་བ་མངོན་གསལ་ཡོད།    དེ་འདྲ་ཡིན་ཕྱིར། ང་ཚོའི་བོད་པ་ཚོས་རི་མོ་འབྲི་དུས་སོ་སོའི་ཡུལ་ལུང་གི་རྣམ་པ་ལྟར་ཚོན་མདངས་གཏོང་རྒྱུ་ལས་རྒྱ་ལུགས་ལྟར་གཏོང་མི་ཉན།

དྲུག    གུ་གེའི་ལྡེབས་རིས་དང་དུང་དཀར་ཕུག་པའི་ལྡེབས་རིས་ངོས་སུ་ཡོད་པའི་བསྟན་མ་བཅུ་གཉིས་དང་ལུས་སྦྱོང་ཉི་ཤུའི་དཔེའུ་རིས་དེ་ཧ་ཅང་ཡག་པོ་རེད། བསྟན་མ་བཅུ་གཉིས་ཀྱི་ཆ་ལུགས་ཚང་མ་བོད་མོའི་རྣམ་པར་ལྟར་བྲིས་ཡོད། བོད་ལྭ་གྱོན་འདུག སྐྲ་རྒྱན་དང་བྲང་རྒྱན་གྱི་གཡུ་བྱུར་ཡང་བོད་ཆས་ཀྱི་གཟབ་སྤྲོས་བྱེད་སྟངས་རང་རེད། ལྔ་པ་ཆེན་པོ་དང་། སླེ་ལུང་སོགས་གཏེར་སྟོན་རྣམས་ཀྱིས་མཛད་པའི་བསྟན་མ་བཅུ་གཉིས་ཀྱི་ལོ་རྒྱུས་དང་བསྟོད་པ་སོགས་ལ་གཞིགས་ནའང་། བསྟན་མ་བཅུ་གཉིས་ཀྱི་གནས་ཡུལ་དེ་ཧི་མ་ལ་ཡའི་རི་རྒྱུད་གཡས་གཡོན་དུ་ཡིན་པ་ལས། རྒྱ་དཀར་ནག་གི་ཡུལ་མིན་པས།གྱོན་ཆས་དང་མཆོར་སྤྲོས་རྒྱག་སྟངས་བོད་ལུགས་ལྟར་ཡིན་དགོས། དེང་སང་ལྷ་བཟོ་ལ་ལས་བསྟན་མ་བཅུ་གཉིས་འབྲི་སྐབས་རྒྱ་གར་ལུགས་བཞིན་དང་། ཡང་ན་རྒྱ་ནག་ལུགས་བཞིན་བྲིས་པ་དག་ནི་ལོ་རྒྱུས་ཀྱི་གནས་བབ་དང་འགལ་བའི་གནས་ཚུལ་རང་རེད། དུང་དཀར་ཕུག་པའི་ནང་གི་ལུས་སྦྱོང་ཉི་ཤུའི་དཔེའུ་རིས་དེ་ནི་ཧ་ཅང་གལ་ཆེན་ཞིག་རེད། དུས་རབས་བཅུ་གཅིག་པའི་སྐབས་སུ་བྲིས་པའི་ལུས་སྦྱོང་གི་དཔེའུ་རིས་ཡིན་ཕྱིར་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེའོ།། གོང་མ་ཆན་ལུང་ལ་ལྕང་སྐྱ་རོལ་པའི་རྡོ་རྗེས་ཕུལ་པའི་ལུས་སྦྱོང་གི་དཔེའུ་རིས་དེ་དེང་སང་ཕྱི་རྒྱལ་དུ་དཔེ་སྐྲུན་བྱས་ཡོད། དེ་ལ་ཆེད་མངགས་ཀྱིས་ཞིབ་འཇུག་བྱེད་མཁན་ཡང་མང་པོ་འདུག

        དེ་དང་བསྡུར་ན་མངའ་རིས་དུང་དཀར་ཕུག་པའི་ངོས་སུ་ཡོད་པའི་ལུས་སྦྱོང་ཉི་ཤུའི་དཔེའུ་རིས་དེ་ཤེས་མཁན་མི་སྣང་། རིན་ཐང་བྲལ་བ་ཞིག་ཡིན་ནའང་། ཚང་མས་གང་ཡིན་འདི་ཡིན་མ་ཤེས་ནས་བསྐྱུར་བཞག་འདུག

བདུན། དུས་རབས་བཅུ་གཅིག་པའི་ཡར་སྔོན་གྱི་སྐུ་ཐང་མང་ཤོས་ལ་དབུ་རྒྱན་རིགས་ལྔ་ཅན་མེད། དབུ་རྒྱན་གསུམ་པ་ཡིན།རྒྱལ་ལུགས་ཀྱི་སྐུ་བརྙན་ལ་མགུལ་རྒྱན་ཡོད། རྣམ་སྣང་གི་སྐུ་ཡིན་ཡང་མགུལ་རྒྱན་ཡོད། མུ་ཏིག་གི་ཕྲེང་ཞགས་ལྟ་བུ་དང་།གཟི་ཞགས་དང་།བྱུ་རུའི་ཕྲེང་བ་སོགས་ཡོད། ཧ་ལམ་ཞིག་གོང་ཁ་གཡོན་ཕྱོགས་སུ་འཁོར་བ་འབའ་ཞིག་ལས་དེང་སང་ནང་བཞིན་གཡས་ཕྱོགས་སུ་འཁོར་བ་ཧ་ཅང་ཉུང་། བཙན་པོའི་ཆ་ལུགས་ལྟར་སྐྲ་སླས་མ་གཉིས་མདུན་ལ་བཞག་ཡོད། གོང་བའི་ཁ་ཡངས་ཤིང་ནང་འབྱར་ཅན་ཡིན། དབྱར་ཁར་ཐེར་མ་དང་ཟ་འོག་གི་རིགས་གྱོན་ཞིང་། དགུན་ཁར་ཚར་རྩག་དང་སློག་གོས་མནབས་པ་ཤོས་ཆེ། གྲ་ཐང་གི་ལྡེབས་རིས་དང་རྒྱལ་ལུགས་ཀྱི་རྣམ་སྣང་དག་ལ་རྐང་འབོབ་དང་ཞབས་ལྷམ་མནབས་ཡོད་པ་སོགས་ཅི་རིགས་འདུག 
        བཙན་པོའི་རྒྱལ་རབས་ཀྱི་དུས་སུ་རྟེན་བཞེངས་མང་ཤོས་ནི་རྣམ་པར་སྣང་མཛད་ཡིན་པའི་རྒྱུ་མཚན་ནི་སྤྱོད་རྒྱུད་ཀྱི་ཆོས་བརྒྱུད་དར་འཕེལ་ལ་འབྲེལ་བ་འདུག  དུས་རབས་བཅུ་གཅིག་པའི་སྔོན་དུ་བོད་ལ་རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི་རྒྱུད་དར་མེད་པས། དེའི་རིགས་ཀྱི་ལྷ་སྐུ་ཉུང་བའི་རྒྱུ་མཚན་དེ་རེད།

བཙན་པོ་དང་བོད་སིལ་བུར་ཐོར་བའི་དུས་སྐབས་ཀྱི་རི་མོ།

བརྒྱད། ཞ་ལུའི་ལྡེབས་རིས་ངོས་སུ་ཡོད་པའི་སྤྲེལ་མགོ་བོད་ལྭ་ཅན་དེ་ནི་དུས་རབས་བཅུ་གཅིག་གི་སྐབས་ཀྱི་ཡིན་ནམ་བསམ། འདི་ལ་བཤད་ཚུལ་འདྲ་མིན་སྣང་སྟེ། ལ་ལས་བོད་ཀྱི་མིའི་འབྱུང་ཁུངས་ནི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། བྲག་སྲིན་མོ་གཉིས་ལ་བརྟེན་ནས་བྱུང་བ་ཡིན་པས། བོད་མི་ཚོས་སྤྲེའུ་ལ་དད་མོས་ཡོད་པས་དད་རྟེན་དུ་བཞེངས་ཟེར། ཡང་སྐོར་ཞིག་གིས་རཱ་མ་ནཱའི་རྟོགས་བརྗོད་དུ་བཤད་པའི་སྤྲེའུ་ཧ་ནུ་མན་ཐ་བྱ་བ་དེ་ཡིན་སྐད། ཡང་ཁ་ཅིག་གིས་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྤྲེའུ་ཞིག་གིས་ཤིང་ཐོག་ཕུལ་བའི་མཛད་པ་ཡོད་པ་དེའི་ནང་དོན་ཡིན་ཡང་ཟེར། ངེད་ཀྱིས་ནི་ལྔ་པ་ཆེན་པོའི་གསུང་འབུམ་ན་བཞུགས་པའི་བྱང་ཆུབ་སེམས་པ་ཧ་ནུ་མནྠའི་སྒོ་ནས་ཐིག་ལེ་བསྲུང་བ། ཞེས་ཆོ་ག་ཞིག་ཡོད་པ་དེ་ནང་དུ། སྤྲེལ་གཟུགས་ལ་བརྟེན་ནས་མི་ཁ་དང་སྡང་བ་ཞི་བྱེད་ཀྱི་ནང་དོན་ཡོད་པ་དེ་དང་འབྲེལ་བ་ཡོད་པ་མིན་འགྲོ་སྙམ། གང་ལྟར་བོད་དུ་སྤྲེལ་གཟུགས་ཀྱི་རི་མོ་མང་པོ་མཐོང་རྒྱུ་འདུག

དགུ   བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ། བོད་དམག་གིས་དར་ལམ་ལ་དབང་བསྒྱུར་བྱས་རྗེས་དར་གོས་དང་ཟ་འོག་གི་སྟེང་ལ་བཙན་པོའི་རིག་གནས་དང་འབྲེལ་བའི་རི་མོ་འདྲ་མིན་ཕབ་སྟེ་བཙན་པོའི་དར་གོས་ཞེས་ཐུན་མིན་གྱི་ལག་རྩལ་དང་མཚོན་རྟགས་མཚོན་པའི་ཟ་འོག་གི་དར་གོས་མང་དུ་བཟོས།བཙན་པོའི་དར་གོས་ལ་ཁྱད་ཆོས་མངོན་གསལ་ཞིག་ཡོད་པ་ནི།ངང་པ་མཇིང་བསྣོལ་དང་། སེང་གེ་མཇིང་བསྣོལ། བྱ་མ་རྟ། གྱི་ལིང་། གྱི་ལིང་ཁ་སྤྲོད། བྱ་མ་བུམ། ཤ། གཙོད། མི་མཐུན་ཕྱོགས་ལས་རྣམ་རྒྱལ་སོགས་མང་ངོ་།། ངང་པ་མཇིང་བསྣོལ་གྱི་རི་མོའི་མཚོན་བྱ་ནི་གཙོ་བོ་མཛའ་མཐུན་གྱི་དོན་ཡིན། དཔེར་ན་ལོ་རྒྱུས་ཐོག་རྒྱ་བཟའ་ཀོང་ཇོ་སྲོང་བཙན་གྱི་བཙུན་མོར་བསུ་བའི་སྐབས་སུ། སློང་རྟགས་སུ་ངང་པའི་ཆང་སྣོད་སོགས་འབུལ་བར་བཤད། སེང་གེ་མཇིང་བསྣོལ་ནི་དབང་ཐང་གི་མཚོན་དོན་ཡིན། དེ་ལྟར་རེ་རེ་ནས་མཚོན་དོན་མི་འདྲ་བ་ཡིན་པ་ཤེས་དགོས།

        གོས་རིས་ལ་མེ་ཏོག་གི་རིགས་ཀྱང་ཧ་ཅང་མང་ཡང་གཙོ་བོ་པདྨ་འདབ་བརྒྱད་དང་། འདབ་ལྔ་ཅན་ཤོས་ཆེ། འདབ་བརྒྱད་ནི་ས་གཞི་དང་། ཤེས་རབ། མོ། འཁྱིལ། སྲིབས། མཚན་སོགས་ནང་དོན་དུ་མ་ཞིག་ལ་འཇུག  འདབ་ལྔ་ཅན་ནི་ཚེ་སྲོག་གི་འབྱུང་ཁུངས་ལ་འབྲེལ་ཡོད་པ་དང་། ཡ་ཧུ་དཱ་བ་པ་རྣམས་ཀྱིས་འདི་ལ་ཚེ་སྲོག་གི་རི་མོ་ཟེར། དོན་དུ་འབྱུང་བ་རྣམ་ལྔ་དང་།དབང་ལྔ་སོགས་དང་འབྲེལ་བ་ཡོད་པས་དེའི་མཚོན་དོན་གྱི་རི་མོའོ།།

བཅུ།   ལར་བཤད་ན། བཙན་པོའི་རྒྱལ་རབས་ཀྱི་རིག་གནས་ནང་དུ། སྐབས་དེའི་བཙན་པོའི་རྒྱལ་ཁབ་ཀྱི་ཕྱོགས་བཞི་ན་ཡོད་པའི་རྒྱ་གར་དང་། བལ་པོ། ཐོ་གར། དྲི་ཟའི་ཡུལ། ཨུ་རྒྱན། ཏ་ཟིགལི་ཡུལ། བྷར་མ། བྷང་གཱ་ལ། རྒྱ་ནགཧོར་སོགས་ཀྱི་རིག་གནས་གོམས་སྲོལ་སོགས་ནང་འདྲེན་བྱས་ཡོད་པས། རྒྱལ་ཁབ་དེ་དག་གི་རིག་གནས་ཀྱི་ཤུགས་རྐྱེན་ཡང་མི་དམན་པ་ཞིག་ཐེབས་ཡོད་པ་མངོན་གསལ་རེད། དེ་འདྲ་ཡིན་ཕྱིར། བཙན་པོའི་རྒྱལ་རབས་སྐབས་ཀྱི་སྒྱུ་རྩལ་རི་མོ་ལའང་གོང་དུ་བཤད་པའི་རྒྱལ་ཁབ་དེ་དག་གི་སྒྱུ་རྩལ་དང་། རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པའང་བཤད་མ་དགོས་པ་ཞིག་རེད། མདོར་ན།བཙན་པོའི་རྒྱལ་རབས་ཀྱི་རི་མོ་ནི་སྐབས་དེའི་བོད་བཙན་པོའི་སྤྱི་ཚོགས་ལ་ཐད་ཀར་འབྲེལ་བ་ཡོད་པས། ནང་དོན་ཟབ་ལ་ལོ་རྒྱུས་ཀྱི་དོན་སྙིང་ཡང་ཤིན་ཏུ་ཆེ་བར་མ་ཟད། དུས་སྐབས་དེར་མཚོན་ན་བོད་བཙན་པོའི་དམག་ཆས་དང་འབྲེལ་བའི་རིག་གནས་ནི་འཛམ་གླིང་གི་ཨང་དང་པོ་ཡིན་ཞེས་ཏ་ཟིག་གི་ལོ་རྒྱུས་དང་། ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཚང་སོགས་སུ་གསལ་བོར་བཀོད་ཡོད་པས། ངས་འདི་ནས་རིགས་ཞེན་གྱིས་འུར་བསྟོད་བྱས་པ་དེ་འདྲ་གང་ཡང་མིན། གཙོ་བོ་སྐབས་དེའི་བོད་པ་ཚོའི་ཤེས་འཇོན་དང་སྙིང་སྟོབས་ནི་དེང་སང་ནང་བཞིན་འདི་འདྲའི་ནུས་མེད་གཉོམ་ཆུང་ཞིག་གཏན་ནས་ཡིན་མི་འདུག་གོ་སྙམ། གོང་འཁོད་ཀྱི་ནང་དོན་རྣམས་ནི་གཙོ་བོ་བཙན་པོའི་རྒྱལ་རབས་སྐབས་ཀྱི་རི་མོ་དང་སིལ་བུར་ཐོར་བའི་དུས་སྐབས་ཀྱི་རི་མོའི་སྐོར་ཡིན། དེ་ནས་ས་སྐྱའི་སྐབས་དང་། ཕག་གྲུའི་སྐབས།རིན་སྤུངས་ཀྱི་སྐབས། གཙང་རྒྱལ་གྱི་སྐབས། དགའ་ལྡན་ཕོ་བྲང་གི་སྐབས་དང་། དེང་རབས་ཀྱི་སྐབས་རྣམས་ཕྱིས་སུ་བཤད་རྩིས་བྱའོ།། །།

༼ཁམས་པའི་འཛུམ་རིས༢༠༡༧ལོའི་དེབ་དང་པོ་ལས་དྲངས། ༽



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1