༄༅།། མི་ཚེ་དང་དཔེ་ཀློག་གླེང་བ།

དཔལ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-26



(ལན་གྲུ)   དཔལ་མོ།  
དང་པོ། མི་ཚེ་ཡི་བརྒྱུད་རིམ་དང་སློབ་སྦྱོང་གི་གོ་རིམ།
        ང་ནི་མཚོ་སྔོན་པོའི་འབྲོག་སྡེ་ཞིག་ཏུ་སྐྱེས་པ་ཡིན། ལོ་བཅུ་གཉིས་ལ་སོན་པའི་དགུན་ཁ་དེར། རང་སྡེའི་རྩྭ་ཐང་དུ་སྦྲ་གུར་སློབ་གྲྭ་ཟེར་བ་ཞིག་བསྒྲུབས་པ་དེ་རུ་ཞུགས་པ་ཡིན། སློབ་གྲྭ་དེ་རུ་བོད་ཡིག་འབྲི་ཀློག་དང་། གྲངས་རྩིས་སྣོན་འཕྲི་ཙམ་ཤེས་རྗེས་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་བསྐྱལ་བ་ཡིན། འོན་ཀྱང་ང་རྫོང་མི་རིགས་སློབ་འབྲིང་དུ་ཡུན་རིང་བོར་མ་བསྡད་པར་མཚོ་བྱང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་པ་ཡིན། དེ་རུ་མཱ་བླ་མའི་སྐུ་ཕྲེང་བདུན་པ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གི་སྐུ་དྲུང་ནས་བོད་ཀྱི་བརྡ་སྤྲོད་རིག་པ་སྟེ་སུམ་རྟགས་དག་གསུམ་དང་སྙན་ངག མངོན་བརྗོད། རྩོམ་རིག ལོ་རྒྱུས་བཅས་སྦྱངས་པའི་བསྐལ་བཟང་ཐོབ་པ་དང་། ཞོར་དུ་རྒྱ་ཡིག་དང་རྩིས་རིག་སོགས་ལོ་ལྔའི་རིང་ལ་སྦྱངས་ཏེ་སློབ་མཐར་ཕྱིན་རྗེས་བཤེས་གཉེན་ཁོང་གི་བཀའ་གསུང་ལྟར་ང་རང་སློབ་གྲྭ་དེ་རུ་དགེ་རྒན་གྱི་ལས་ཀར་ཞུགས་པ་ཡིན། 
        1988ལོའི་སྟོན་ཁར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ཏེ་བཀའ་དྲིན་ཅན་གྱི་ཨ་ཁུ་དཔའ་རིས་སངས་རྒྱས་དང་དགེ་རྒན་དོར་ཞི་མཆོག  དགེ་རྒན་དཀོན་མཆོག་ཚེ་བརྟན། དགེ་རྒན་དཔའ་མཁར། དགེ་རྒན་ལྷ་མཆོག་རྒྱལ། དགེ་རྒན་པདྨ་འབུམ། དགེ་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱི་སྐུ་དྲུང་དུ་ལོ་གཉིས་ལ་ཟབ་སྦྱོང་བྱས་པ་ཡིན། 
        1994ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། དེ་རུ་ཡང་བསྐྱར་ཨ་ལགས་དོར་ཞི་རིན་པོ་ཆེ་དང་ཨ་ཁུ་དཔའ་རིས་སངས་རྒྱས་སོགས་དགེ་བའི་བཤེས་གཉེན་ཆེན་མོ་དུ་མའི་ཞབས་པད་སྤྱི་བོར་བཏེགས་ཏེ་རང་ནུས་ཅི་ལྕོག་གིས་འབད་འབུངས་བྱས། སློབ་མཐར་ཕྱིན་ལ་ཉེ་དུས་མཱ་བླ་མ་མཆོག་གི་སྐུ་མདུན་ལ་སོང་བ་ན། ཁོང་གིས་ང་ལ། སློབ་མཐར་ཕྱིན་རྗེས་ས་ཆ་གང་ལ་སོང་ནའང་ཆོག་མོད། དགེ་རྒན་གྱི་ལས་གནས་ནས་ངེས་པར་འདུག་དགོས་ཞེས་བཀའ་གསུངས་བྱུང་། དེ་བས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་རུ་དགེ་རྒན་གྱི་འོས་འགན་མི་ཐེག་ཀྱང་འཁུར་ཁུལ་བྱས་ཏེ་བོད་ཀྱི་བརྡ་སྤྲོད་རིག་པ་དང་ཚིག་རྒྱན་རིག་པ། རྩོམ་རིག་སོགས་སློབ་ཁྲིད་བྱས་པ་ཡིན། ད་སྔ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ“དགེ་རྒན་དཔེ་ལེགས་ཅན”དང“འཛིན་བདག་ཕུལ་བྱུང་ཅན།”“ང་རང་ཆེས་དགའ་སའི་དགེ་རྒན”སོགས་ཀྱི་བྱ་དགའ་ཐོབ་མྱོང་ཡོད། 
        1999ནས2000ལོའི་བར་ལ་ནུབ་བྱང་མི་རིགས་སློབ་ཆེན་དང་ཀུན་ཕན་ཐེབས་རྩ་ཚོགས་པས་མཉམ་འབྲེལ་བྱས་ཏེ་མི་རིགས་སློབ་ཆེན་སོ་སོའི་དགེ་རྒན་སྐོར་ཞིག་ཀྲུང་གོ་ཚན་རྩལ་སློབ་གྲྭ་ཆེན་མོ་རུ་མངགས་པ་ལྟར་ལོ་གཅིག་གི་རིང་ལ་སློབ་ཆེན་དེ་རུ་རྩིས་འཁོར་གྱི་གཞུང་ལུགས་སྦྱངས་པ་ཡིན། 2004ནས2005ལོའི་བར་ཏེ་ལོ་གཅིག་གི་རིང་ལ་པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོ་རུ་དེང་རབས་རྩོམ་རིག་དང་ལོ་རྒྱུས་སྦྱངས་པ་ཡིན། 2014ནས2015ལོའི་བར་ལ་སི་ཁྲོན་སློབ་ཆེན་དུ་ཕྱི་ནང་གི་རྩོམ་རིག་གཞུང་ལུགས་དང་ལག་ལེན་བྱེད་ཐབས་ལ་སློབ་སྦྱོང་བྱས་པ་ཡིན། 
གཉིས་པ། དཔེ་ཀློག་གི་བློ་བསྐྱེད་དང་གསར་རྩོམ་གྱི་མྱོང་ཚོར།
        ལོ་རབས་བརྒྱད་ཅུ་བའི་སྨད་ནས་བཟུང་སྟེ་གསར་རྩོམ་གྱི་ལས་ལ་འཇུས་ཏེ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་ཁ་ཤས་ཀྱི་སྟེང་ལ་བརྩམས་ཆོས་ཐར་ཐོར་རེ་སྤེལ་འགོ་བརྩམས་པ་ཡིན། ཡིན་ན་ཡང་རྩོམ་འབྲི་བར་དེ་འདྲའི་དམིགས་འདུན་ཆེན་པོ་ཞིག་མེད།
        དེའི་རྗེས་སུ་ངས་ཏུའུ་ལ་སི(Marguerite·Duras)ཡི《དགའ་རོགས》སོགས་དཔེ་ཆ་སྐོར་ཞིག་ཉོས་མོད། 《དགའ་རོགས》ལ་ཞིབ་མོར་བལྟས་མ་མྱོང་། སྙན་ངག་གི་སྐོར་ནས་གཙོ་བོ་ཕཱ་ཟི་ཡི(Octavio·Paz)《རྡོ་ཉི་མ》དང་རེལ་ཁིའི(Rainer Maria·Rilke)《གཟིག》སོགས་དང་། སྒྲུང་རྩོམ་གྱི་སྐོར་ནས་མའོ་རེའི་སིན་གྱི(Toni·Morrison)《ཆེས་མཐིང་མདོག་གི་མིག》དང་ཁཱ་ཧྥུ་ཁཱ་ཡི(Franz·Kafka)《གཟུགས་འགྱུར་བ》  ཁཱ་མིག་ཟིའི(Albert·Camus)《ཙིག་ནད》  མར་ཁེ་སི་ཡི(Marquez)《ཁེར་ཧྲིང་གི་མི་ལོ་བརྒྱ》ཧ་ལའེ་ཡི(Alex·Haley)《རྩ་བ》སོགས། ལྷུག་རྩོམ་གྱི་སྐོར་ནས་བྷོ་དྷི་ལེར་གྱི(Baudelaire)《སྤྲང་བོའི་མིག་མདངས》སོགས་ཡོད། དེ་མིན་འཛམ་གླིང་སྤྱི་ཚོགས་ཀྱི་གནད་དོན་བརྗོད་པའི་བརྩམས་ཆོས་ཀྱི་སྐོར་ནས་མུའེ་ཡོན་མིང་གི(梅原孟)《ནགས་ཚལ་གྱི་བསམ་བློ》དང་། ལཱ་ཟི་ལོའི(Ervin Laszlo)《འགྱུར་ལྡོག་ཆེན་པོ》། ཁྲི་ཐེན་ཏཱ་ཙོ(池田大作)སོགས་ཀྱིས་མཛད་པའི《དུས་རབས་ཉེར་གཅིག་པར་ལྟ་བ》སོགས་བཀླགས་པ་དེས་ང་རང་ཞེད་སྣང་དང་སྐྱོ་གདུང་ལ་ཚུད་པར་བཟོས་མྱོང་།
        སྔོན་ཆད་ངས་རྩོམ་འབྲི་བར་གཞུང་ལུགས་ངེས་ཅན་སྦྱང་བའི་དགོས་པ་ཆེར་མེད་སྙམ། མྱོང་བ་དེ་ནི་བསམ་མ་ཤེས་པའི་གླེན་རྟགས་དང་ནོར་འཁྲུལ་ཞིག་ལས་མ་འདས་པ་རེད། བསམ་ཚུལ་དེ་འདྲ་ད་ལྟའི་གཞོན་སྐྱེས་རྣམས་ལའང་ཡོད་ངེས་ཡིན། བརྩམས་ཆོས་ཡག་པོ་ཞིག་འབྲི་བསམ་ན། ཐོག་མར་དཔེ་ཀློག་མང་བོ་བྱས་པ་བརྒྱུད་དེ་ལོ་རྒྱུས་རིག་པ་དང་མཚན་ཉིད་རིག་པ། མཛེས་རིག་པ། སེམས་ཁམས་རིག་པ། རྩོམ་རིག་སྒྱུ་རྩལ་གྱི་གཞུང་ལུགས་སོགས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་པར་མ་ཟད། སྤྱི་ཚོགས་འཚོ་བའི་ཉམས་མྱོང་བསྡུ་གསོག་བྱེད་པའམ་ཟབ་མོ་ཆགས་རྒྱུ་གཙོ་བོ་ཡིན་པར་འདོད། དེ་ལ་བརྟེན་ན་བསམ་གཞིག་དང་བློ་སྦྱོང་ངམ་ཡང་ན་གནས་ལུགས་ཀྱི་ཧ་གོ་ཞིང་དོན་རྟོགས་པའི་ཚད་མཐོན་པོར་སོན་ཐུབ་པས་ཡིན། དེ་མིན་ཚེ་ཐ་ན་སྒྲ་དོན་གྱི་ཐད་ནས་ཀྱང་ཐོལ་བརྒལ་འབྱུང་མི་ཐུབ། དེང་སང་བོད་ཀྱི་རྩོམ་སྟེགས་སུ་ཧ་ལས་དགོས་པའི་བརྩམས་ཆོས་དཀོན་པ་ཡང་ང་ཚོས་དཔེ་ཀློག་དང་སློབ་སྦྱོང་ཡག་པོ་བྱེད་མ་ཐུབ་པས་ཡིན་སྙམ། ཐ་སྙད་ཀྱི་མུ་ཏིག་མང་བོ་ཚིག་ཕྲད་ཀྱི་སྲད་བུ་རིང་བོར་བརྒྱུས་ཐུབ་པ་ཙམ་གྱིས་གཏན་ནས་མི་ཆོག  དེར་བརྟེན། ངས་རྩོམ་ཡིག་ཐར་ཐོར་འབྲི་བ་ཡང་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ཅི་ནུས་ཀྱིས་ཐོ་རུ་འགོད་པ་ཙམ་ལས་ཅི་ཡང་མིན་བསམ་བཞིན་ཡོད།  
(མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1