༄༅། །བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་འཕེལ་རྒྱས་ཆེན་པོ་ཕྱིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-15


      སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་ཆེད།ཚེས་18ཉིན་རང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་དཔྱད་འདེམས་བྱེད་སྒོ་ཐེངས་དང་པོ་མཇུག་སྒྲིལ་ཞིང་།རང་ལྗོངས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་པ་ཉི་ཤུ་རྩ་ལྔར་བོད་རང་སྐྱོང་ལྗོངས་ཀྱིས་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི། མཚན་སྙན་ཐོབ་པའི་ནང་ཐང་ག་བཞེངས་མཁན་15ཕུད་དེ་བྱིངས་མི་བཅུ་པོ་ནི་གསེར་དངུལ་རྡུང་མཁན་དང་།ལྷ་སྐུ་བཞེངས་མཁན།འབག་བཟོ་མཁན།འཁལ་འཐག་སོགས་ཀྱི་ལག་རྩལ་པ་ཡིན་པ་རེད།

    རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ནོར་བུ་སྲི་ཐར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨན་གསར་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་ཞིག་ཡིན་ཞིང་།ཕོ་བྲང་པོ་ཏ་ལ་དང་།བཀྲས་ལྷུན་དགོན།འབྲས་སྤུངས་དགོན་སོགས་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་ལྡེབས་བྲིས་ཉམས་གསོ་སོགས་ནང་ཞུགས་མྱོང་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱ་ཆེད་རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་བརྟེན་ང་ཚོས་ཏང་གི་ཐུགས་ཁུར་ཟབ་མོ་ཚོར་གྱི་འདུག་ཅེས་དང་། བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་ལ་གཡོག་རྒྱུག་དགོས་པ་དང་འཚོ་བ་ནི་ཧ་ཅང་དབུལ་པོ་ཡིན།བོད་གསར་པར་འཚར་ལོངས་བྱུང་བའི་མི་རབས་གསར་པའི་ཐང་ག་བཞེངས་མཁན་ཚོ་རྒན་རབས་ཚོ་དང་བསྡུར་ན་ཧ་ཅང་སྐྱིད་པོ་རེད།འཚོ་བའི་ཁོར་ཡུག་བཟང་བའི་ཐོག་སེམས་ལྷོད་པོས་ཐང་ག་བཞེངས་ཆོག་ལ།རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཕྱུག་པོའི་ལམ་དུའང་བསྐྱོད་ཆོགད་ཆ་ཏང་གི་སྲིད་ཇུས་བཟང་པོའི་ཐོག་ཏང་དང་སྲིད་གཞུང་གིས་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་གནང་གི་ཡོད་པ་མ་ཟད།ང་ཚོར་མཚན་སྙན་མཐོ་པོ་དེ་འདྲ་གནང་བ་དེ་བོད་ཀྱི་བཟོ་རྩལ་མཛེས་རྩལ་གོང་འཕེལ་འགྲོ་བའི་སྒུལ་ཤུགས་དང་འགན་ལེན་ཡིན། ཞེས་ནོར་བུ་སྲི་ཐར་གྱིས་བཤད།ཁོང་གིས་ད་དུང་ཕྱིས་བྱུང་ཕུལ་བྱུང་མི་སྣ་གསར་པ་གསོ་སྐྱོང་བྱས་ནས་ཐང་གའི་སྒྱུ་རྩལ་མི་ཉམས་གོང་འཕེལ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།

    སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་ནི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ལ།མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཀྱང་ཡིན།རང་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ཐོག་རིག་གནས་ཀྱི་རིན་ཐང་དང་།མཛེས་ཆོས་ཀྱི་རིན་ཐང་།དཔལ་འབྱོར་གྱི་རིན་ཐང་བཅས་ཆེན་པོ་ལྡན་ཡོད།དུས་ཡུན་རིང་པོའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྒྱལ་ཁབ་ཀྱི་གལ་འགངས་ཆེ་བའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་དང་འཛམ་གླིང་གི་ཡུལ་སྐོར་དམིགས་སའི་གནས་གལ་ཆེན་བསྐྲུན་རྒྱུར་དམ་པོར་དམིགས་ཏེ་རང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན་ལག་རྩལ་རྩེར་སོན་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ཁག་གཅིག་ཐོན་པ་དང་།མཚོན་བྱེད་རང་བཞིན་གྱི་ཕུལ་བྱུང་བརྩམས་ཆོས་བསྟུད་མར་ཐོན་པ།བཟོ་རྩལ་མཛེས་རྩལ་གྱིས་མཚོན་བྱེད་དུ་བྱེད་པའི་རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།རང་ལྗོངས་ཀྱི་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་དང་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

    ཆུང་དུས་ནས་གསེར་ཟངས་ཀྱི་ལྷ་སྐུ་བཞེངས་སྦྱོང་མྱོང་མཁན་དང་བཟོ་རྩལ་ལག་ཤེས་པ་ཞིག་གི་ངོས་ནས་བཤད་ན།དེ་ནི་སྐུལ་ལྕག་གི་བྱ་བ་ཞིག་ཡིན། ཞེས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ནས་ཡིན་པའི་ནོར་བུ་དགྲ་འདུལ་གྱིས་ལོ་13ནས་བཟུང་ཨ་ཞང་གཉིས་དང་མཉམ་དུ་གསེར་ཟངས་ལྷ་སྐུ་བཞེངས་སྟངས་སྦྱངས་ཤིང་།ད་ཆ་ཁོང་གི་ལག་རྩལ་བྱང་ཆུབ་པས 2012ལོར་སྐབས་དྲུག་པའི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མཚན་སྙན་ཐོབ་ཡོད།རང་སྐྱོང་ལྗོངས་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ་འོག་ནོར་བུ་དགྲ་འདུལ་གྱིས་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཀུང་སི་བཙུགས་པ་དང་ས་གནས་ཁག་ནས་ཁྱིམ་ཚང་གི་འཚོ་བ་དབུལ་བའི་ལས་མི་370ཙམ་བསྡུས་པའི་ཐོག་ཁོང་ཚོར་ལག་རྩལ་བསླབས་ཏེ་ཕྱུག་པོ་ཆགས་པ་བྱས་ཡོད།ད་ཐེངས་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མཚན་སྙན་ཐོབ་པའི་ཁོང་གིས། ཁེ་ལས་འཕེལ་རྒྱས་དང་རང་ཉིད་འཚར་ལོངས་བྱུང་བ་དེ་ཏང་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།སླད་ཕྱིན་རིག་གནས་སྒྱུ་རྩལ་སྤེལ་རེས་ཧུར་ཐག་བྱ་རྒྱུ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལག་ཤེས་བཟོ་རྩལ་དེ་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་ཀུང་སི་རྒྱ་ཆེ་རུ་བཏང་སྟེ་དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་མང་ཙམ་བསྡུས་ནས་ལག་རྩལ་བརྒྱུད་སྤྲོད་ཀྱིས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་ཞི་མཐུན་གྲ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

    ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན།སླད་ཕྱིན་རང་ལྗོངས་ཀྱིས་ལོ་ལྔ་རེར་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་འདེམས་པའི་བྱེད་སྒོ་ཐེངས་རེ་གཉེར་ནས་སྲོལ་རྒྱུན་བཟོ་རྩལ་སྲུང་སྐྱོང་དང་།མྱུར་སྐྱོབ།རྒྱུན་འཛིན།གསར་གཏོད་བཅས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་བཟོ་རྩལ་མཛེས་རྩལ་གྱི་ཤེས་ལྡན་པ་སྔར་བས་སྔོག་འདོན་གྱིས་རང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་གྱི་ཐོན་ལས་གྲ་རྒྱས་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1