༄༅། །ཡུལ་སྐོར་སྤུས་རྟགས་ནི་གྲོང་ཁྱེར་ཞིག་གི་མིང་བྱང་དང་ས་ཁུལ་ཞིག་གི་ཕྱོགས་བསྡུས་གཟུགས་བརྙན་གྱི་འགྲེམས་སྟོན་ལྟ་བུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-16


         འདས་ཟིན་པའི་ལོ་གཅིག་རིང་ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་དང་ཕྱི་ཕྱོགས་དྲིལ་བསྒྲགས་སྡེ་ཚན་གྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་དྲིལ་བསྒྲགས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་ཕྱི་ཕྱོགས་དྲིལ་བསྒྲགས་གཏིང་ཟབ་ཏུ་བཏང་སྟེ་ཕྱི་ཕྱོགས་དྲིལ་བསྒྲགས་མ་ལག་གི་དྲིལ་བསྒྲགས་ལེགས་ཆ་དང་ཡུལ་སྐོར་མ་ལག་གི་ཐབས་ལམ་དང་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཅུང་ཆེན་པོ་ལྡན་པའི་ཡུལ་སྐོར་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་མཉམ་དུ་སྒྲིག་འཛུགས་བྱས་ནས་འཛམ་གླིང་ལ་བོད་ཀྱི་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད།

         རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
         ཡུལ་སྐོར་ཐོན་ལས་ནི་ཉི་གཞོན་ལྟ་བུའི་ཐོན་ལས་ཤིག་རེད།ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ལོ་འགོར་གཏན་འབེབས་བྱས་པའི་སྒོར་ཁྲི་2000ཟིན་པའི་རྣམ་གྲངས་དམིགས་ཚད་གཞིར་བཟུང་ཅུས་དེའི་གོང་འོག་ཚང་མས་རྣམ་གྲངས་མ་དངུལ་བརྩོན་ལེན་ཧུར་ཐག་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་ཏེ་དབུས་རྒྱུད་སྲ་བརྟན་གོང་མཐོར་གཏོང་བ་དང་།ནུབ་རྒྱུད་འཕེལ་རྒྱས་ཚད་ལྡན་གཏོང་བ།ལྷོ་རྒྱུད་དུ་གདམ་ག་བྱས་ནས་འཕེལ་རྒྱས་གཏོང་བ།ཤར་རྒྱུད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་བསམ་ཕྱོགས་ལྟར་ས་རྒྱུད་གཅིག་དང་།སྐོར་ལམ་གསུམ།ཁུལ་ལྔ།གླིང་བདུན་བཅས་ཀྱི་ཡུལ་སྐོར་གསར་སྤེལ་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བའི་ཁར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་ནས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ནན་པོ་བྱས་པ་རེད།
         རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་པ་ལས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ལེགས་ཆ་འདོན་སྤེལ་ཐུབ་པ་མ་ཟད།ད་དུང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོའི་དངུལ་སྨར་ཡོང་འབབ་ཀྱང་མང་དུ་ཕྱིན་ཞིང་།གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བསམ་ཡས་དགོན་པའི་སྒོ་ཁའི་ལག་བཟོའི་ཐོན་རྫས་འཚོང་མཁན་ཚོང་དུད་ཆུང་ངུ་ཚོ་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོར་གྱུར་ཡོད།བསམ་ཡས་གྲོང་རྡལ་བསམ་ཡས་གྲོང་ཚོའི་གྲོང་མི་པ་སངས་བཀྲ་ཀྱིས་རང་ཁྱིམ་གྱི་སྒོ་ཁར་ཚོང་བརྒྱབ་ཅིང་།ཁོང་གིས་གསར་འགོད་པར“ཉིན་རེར་འདི་གར་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་ལ་ཕྱི་ནས་ཡོང་བའི་ཡུལ་སྐོར་བ་དང་ཐ་ན་ས་གནས་འདི་གའི་མི་རྣམས་ཀྱིས་ཀྱང་ངའི་ལག་བཟོའི་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པས་ཚོང་ཉིན་བཞིན་ཇེ་ཡག་ཏུ་འགྲོ་གི་འདུགའདི་ལོའི་ཟླ་བ་ཁ་ཤས་རིང་ཡོང་འབབ་སྒོར་ཁྲི་1ཟིན་ཡོད་ཅེས་བཤད།
        རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཡུལ་སྐོར་འཕེལ་རྒྱས་ལ་མཚོན་ན་གལ་ཧ་ཅང་ཆེན་པོ་ཞིག་རེད།འདི་ལོར་ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་ཀྱི་བྱ་སྤྱོད་ཅེས་པའི་ཚོང་འགུགས་མ་འདྲེན་འགྲེམས་སྟོན་ནང་ཞུགས་པ་བརྒྱུད་བོད་ལྷོའི་ཡུལ་སྐོར་དྲན་རྟེན་དང་མི་རིགས་ལག་ཤེས་ཐོན་རྫས་གསར་སྤེལ་རྣམ་གྲངས་དང་ལྷོ་ཁ་ས་ཁུལ་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་རྩེ་གྲ་སོགས་རྣམ་གྲངས་14རེ་ཞུ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3བཏང་བ་རེད
    ཡུལ་སྐོར་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།
         ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་ཀྱིས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་།དྲིལ་བསྒྲགས་ཐབས་ཇུས་དང་བྱེད་ཐབས་གསར་གཏོད་བྱེད་པ།གྲོང་ཁྱེར་གྱི་གཉེར་ཚོང་འདུ་ཤེས་ནང་འདྲེན་བྱེད་པ།སྨྱན་སྦྱོར་གསར་པ་གསར་སྤེལ་བེད་སྤྱོད་བྱེད་རྒྱུར་སྣང་ཆེན་གྱིས་གྲོང་ཁྱེར་ཡུལ་སྐོར་གཟུགས་བརྙན་གྱི་བརྡ་ཁྱབ་གཏོང་བ་སོགས་བྱས་ནས་གྲོང་ཁྱེར་གྱི་ཡུལ་སྐོར་གཟུགས་བརྙན་དེ་མི་རྣམས་ཀྱི་སེམས་སུ་ཟུག་པ་བྱས་པས་གྲོང་ཁྱེར་གྱི་གཟུགས་བརྙན་ཡག་པོ་ཕྱི་ཕྱོགས་ལ་བརྒྱུད་བསྒྲགས་བྱེད་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།
     ད་ཕན་ལོ་ཤས་རིང་ང་ཚོས་སྔ་རྗེས་སུ་རྐང་འཁོར་བཞོན་ནས་ཡར་འབྲོག་གཡུ་མཚོ་སྐོར་བའི་ཡུལ་སྐོར་བྱེད་སྒོ་དང་།རྟ་མགོ་རི་འཛེག་དང་རྐང་ཐང་མར་བསྐྱོད་པའི་ཡུལ་སྐོར་བྱེད་སྒོམཚོ་སྨད་གྲི་གུའི་འབྲོག་པའི་དུས་ཆེན།མཚོ་སྣའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལེན་པའི་ཡུལ་སྐོར་རིག་གནས་དུས་ཆེན།རྒྱ་ཚའི་དྭགས་པོའི་སྟར་ཁའི་དུས་ཆེན་སོགས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལྷོ་ཁའི་ཡུལ་སྐོར་སྙན་གྲགས་ཆེ་རུ་བཏང་ཡོད་ཅེས་ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བག་སྒོར་གྱིས་བཤད།
    ལོ་གཅིག་ནང་ཡུལ་སྐོར་ཁྲོམ་ར་ཁྱབ་གདལ་དང་།གྲོང་ཁྱེར་གྱི་ཡུལ་སྐོར་གཟུགས་བརྙན་དྲིལ་བསྒྲགས།ཡུལ་སྐོར་ཐོན་ཟོག་གསར་སྤེལ་སོགས་མཉམ་ལས་ཕན་འབྲས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དེ་བཞིན་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བརྟེན་ལྷོ་ཁའི་ཡུལ་སྐོར་དྲིལ་བསྒྲགས་ཐུབ་པ་མ་ཟད།ལྷོ་ཁའི་ཡུལ་སྐོར་གྱི་ཤུགས་རྐྱེན་ཆེར་གཏོང་ཐུབ་པ་བྱུང་སྟེ་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་ཐད་ལེའུ་གསར་པ་ཞིག་བརྩམས་ཐུབ་པ་བྱུང་ཡོད།
       ལྟ་སྐུལ་དོ་དམ་གྱིས་ཞབས་ཞུ་ལེགས་སུ་བཏང་བ།
       བག་སྒོར་གྱིས་འདི་ལོ་ནས་བཟུང་།ས་ཁུལ་དང་རྫོང་རིམ་པ་དང་འགྲིམ་འགྲུལ་དང་།སྤྱི་བདེ།བདེ་འཇགས་ལྟ་སྐུལ།ཡུལ་སྐོར་སྤྲོ་འཆམ་སོགས་སྡེ་ཚན་གྱི་ཐུན་མོང་འབད་བརྩོན་འོག་ས་ཁུལ་ཡུལ་སྐོར་བདེ་འཇགས་དུས་བབ་བཟང་པོ་ཡོད་ཅེས་བཤད།
        ལྷོ་ཁ་ས་ཁུལ་གྲ་ནང་རྫོང་བསམ་ཡས་དང་ཡུམ་བུ་བླ་སྒང་མཛེས་ལྗོངས་ཁུལ་དང་དེ་བཞིན་སྐར་མ་རིམ་པའི་མགྲོན་ཁང་དུ་ཡུལ་སྐོར་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་།བཟའ་བཏུང་ལས་རིགས་སུ་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་ཚོགས་འདུ་འཚོགས་པ།མཛེས་ལྗོངས་ཁུལ་དུ་རྒྱང་ལྟའི་ལྟ་སྐུལ་ཚོད་འཛིན་བྱས་ནས་ལྷོ་ཁའི་ཡུལ་སྐོར་དྲ་རྒྱ་ཁྱབ་གདལ་དང་དོ་དམ་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཡོད།ལྷོ་ཁ་ས་ཁུལ་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་ཡུལ་སྐོར་ཁྲོམ་ར་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱི་བླང་བྱ་གཞིར་བཟུང་དུས་ངེས་མེད་ཐོག་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཞིབ་བཤེར་བྱས་པ་དང་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱས་ཏེ་ཡུལ་སྐོར་ཁོར་ཡུག་གཙང་བཟོ་དང་ཁྲོམ་རའི་སྒྲིག་སྲོལ་དང་ཡུལ་སྐོར་དམིགས་སའི་གཟུགས་བརྙན་སྲུང་སྐྱོང་བཅས་བྱས་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1