༄༅།།རྫ་ཆུ་ཁའི་རིག་གནས་ཆེད་བཀོད། (5)

འཆི་མེད་དབང་ཕྱུག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-15


འཆི་མེད་དབང་ཕྱུག



མཁས་གྲུབ་སྟག་སེང་འཇིངས་པ་བསྣོལ་བའི་ཁྱུས། ། ལོག་སྨྲ་ཝ་སྐྱེས་ཀླད་པ་འགེམས་པར་མཛད། །

        གོང་དུ་གླེང་པའི་ཆོས་ཀྱི་དགོན་སྡེ་དེ་དག་ལས་བསྟན་པ་འཛིན་ཅིང་རིག་གནས་སྤེལ་བར་རླབས་ཆེ་བའི་ཞབས་རྗེས་འགྱུར་མེད་གངས་ཀྱི་རྩེ་མོར་རྣམ་པར་བཀོད་ཅིང་། འཆད་རྩོད་རྩོམ་གསུམ་ལ་མི་འཇིགས་སྤོབས་པའི་གཡུ་རལ་རབ་ཏུ་མཐོ་བའི་མཁས་དབང་སྐར་ཚོགས་ཀྱིས་ས་བཀབ་པ་ལྟ་བུ་མང་པོ་ཞིག་གནས་འདི་ནས་འཁྲུངས་ཏེ་གནས་འདི་ནས་གཤེགས་ཤིང་འཕྲིན་ལས་ཀྱི་འོད་ཟེར་གནས་འདི་རུ་ད་དུང་དྲོད་ལྷམ་མེར་འཕྲོ་བཞིན་ཡོད་དེ། ཇོ་བོ་མཁན་ཆེན་བློ་བཟང་མདོ་རྒྱུད་དང་། བྲག་དཀར་རྒོད་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇིགས་མེད་རྒྱལ་བའི་མྱུ་གུ དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས། རྫ་དཔལ་སྤྲུལ་རིན་པོ་ཆེ། སེར་ཤུལ་ལྷ་རམས་པ་ཐུབ་བསྟན། ཀི་ལུང་ངོ་མཚར་རྒྱ་མཚོ། སེར་ཤུལ་སྦྲ་ཆེན་དཔལ་ལིའམ་ཆོས་མཛད་ངག་དབང་ཕུན་ཚོགས། སེར་ཤུལ་མཁན་པོ་ངག་དབང་དོན་གྲུབ། དགེ་གོང་མཁན་པོ་ཀུན་བཟང་དཔལ་ལྡན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། དབོན་པོ་སྤྱོད་འཇུག་སྐུ་ཕྲེང་དང་པོ་བློ་བཟང་འགྱུར་མེད། འཇུ་ཨ་སྒྲིས་སྐུ་ཕྲེང་དང་པོ། འཇུ་ཡོངས་འཛིན་སྐུ་ཕྲེང་དང་པོ། ཕུ་ཁང་བ་པདྨ་རྒྱལ་མཚན། འབུམ་རྙིང་བླ་མ་ངག་རྒན་མ། ལྕང་མ་མཁན་པོ་ཐུབ་དགའ་སོགས་དང་། རིག་གནས་གསར་བརྗེའི་དུས་འགྱུར་གྱི་སྐབས་སུ"གསེར་ཞོ་གང་གི་རང་ཚུགས་མ་འགྱུར"ཞིང་ཡང་དར་བསྟན་པའི་གསལ་བྱེད་དུ་གྱུར་བ་དགེ་མང་མཁན་པོ་ངག་བསྡུས། ཨ་རིག་མཁན་ཆེན་པདྨ་ཚེ་དབང་། ཨོ་རོད་གངས་སྤྲུལ་རིན་པོ་ཆེ། འབུམ་རྙིང་མཁན་པོ་ངག་དབང་དར་རྒྱས། སེར་ཤུལ་ཁྲི་པ་ངག་དབང་ལེགས་འོངས། དགེ་མང་མཁན་པོ་པདྨ་དབང་རྒྱལ་སོགས་ད་ལྟར་ཞལ་བཞུགས་པ་དང་མི་བཞུགས་པ་ཇི་སྙེད་ཅིག་དང་། ད་ལྟར་བསྟན་པའི་མཛེས་དཔལ་དུ་བཞུགས་པ་བཅུ་བདུན་པ་རྒྱལ་དབང་འཕྲིན་ལས་མཐའ་ཡས་རྡོ་རྗེ། སེར་ཤུལ་ཁྲི་ཟུར་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་མཚན་སྙན་འཛམ་གླིང་གི་ཁྱོན་ན་འབར་ཞིང་ཕྱག་རྗེས་མིའི་རིགས་ཀྱི་གསོས་སྨན་དུ་འགྱུར་བཞིན་ཡོད་དོ། །
མ་ཧ་པཎྜི་ཏ་བྲག་དཀར་རྒོད་ཚང་བ།
        དེ་ཡང་ངེས་དོན་ཆོས་ཀྱི་བཤེས་གཉེན་དམ་པ་མ་ཧ་པཎྜི་ཏ་ཆེན་མོ་བྲག་དཀར་རྒོད་ཚང་བ་དགེ་ལེགས་ཡར་འཕེལ་མཆོག་ནི་རྫ་ཆུ་ཁའི་མང་དགེ་སྡེ་པ་རུ་རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཁྱིའི་ལོར་ཡབ་བཀྲ་ཤིས་རྣམ་རྒྱལ་དང་ཡུམ་རྒྱལ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་སུ་བླ་མ་པདྨ་ཀུན་བཟང་ཞུ་བའི་མདུན་ནས་དབང་ཞུས་ཤིང་མཚན་ལ་རྣམ་སྲས་བདེ་ཆེན་ཞེས་གསོལ། དགེ་སློང་འཕྲིན་ལས་རྒྱ་མཚོ་དང་དགེ་སློང་བསྟན་འཛིན་ནོར་བུ་སོགས་ཀྱི་མདུན་ནས་བོད་ཡིག་དབུ་ཅན་དབུ་མེད་སོགས་འདོན་ཆོག་དང་ཐུན་མོང་རིག་གནས་ལ་སྦྱངས་པ་མཐར་སོན་བྱས། དགུང་ལོ་བཅུའི་སྟེང་ལྕགས་རྭ་འཕྲིན་ལས་བཟང་པོའི་མདུན་ནས་དབུ་སྐྲ་བསིལ་སྟེ་རབ་བྱུང་གི་སྡོམ་པ་བཞེས་པར་མཚན་ལ་ངག་དབང་ཡར་འཕེལ་ཞེས་གསོལ། ལྡན་ཆོས་འཁོར་དགོན་ནས་ལམ་རིམ་ཆེན་མོར་ཁྲིད་སྦྱངས་མཛད། ཆབ་མདོ་དགེ་སློང་གི་དྲུང་ནས་བར་མ་རབ་བྱུང་གི་སྡོམ་པ་ཞུས་ཏེ་མཚན་ལ་དགེ་ལེགས་བློ་གྲོས་ཞེས་གསོལ་གནང་མཛད། དགུང་ལོ་བཅུ་དགུའི་སྟེང་དབུས་འགྱུར་སེ་ར་གྲྭ་ཚང་དུ་ཕེབས་ཏེ་བྱ་བྲལ་ཁམས་ཚན་གྱི་ཁོངས་སུ་སྒྲིག་ཞུགས་གནང་། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་དང་སེར་བྱེས་དགེ་བཤེས་ཐོགས་མེད་རིན་པོ་ཆེ་སོགས་ཀྱི་མདུན་ནས་བདེ་ལམ་སོགས་ལུང་ཁྲིད་དུ་མ་ཐོབ་ཅིང་། དགེ་བཤེས་ཐོགས་མེད་རིན་པོ་ཆེའི་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་ཡང་འབོགས་ཤིང་མཚན་ལ་དགེ་ལེགས་ཡར་འཕེལ་ཞེས་གསོལ། གྲྭ་ས་ནས་ཡུན་རིང་བཞུགས་འདོད་ཡོད་ཀྱང་མ་ཡུམ་གྱི་རེ་བ་སོགས་ཕངས་མེད་བྱ་མ་ཐུབ་པས་ཕྱིར་ཕེབས། ཇོ་བོ་དགོན་དུ་བྱོན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱོང་བརྩོན་རྡོ་རུས་ཐུག་པ་མཛད། མཁས་པའི་སྙན་པ་ཕྱོགས་སུ་ཁྱབ། མདོར་ན་ཁོང་གི་སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་གྱིས་བསྐྱལ་བས་རྫ་ཆུ་ཀླུང་སྔོན་མོའི་འགྲམ་རྒྱུད་ན་འཚོ་བའི་དད་འབངས་ཚང་མས་མང་དགེའི་རྡོ་རྗེ་འཆང་ངམ་བྲག་དཀར་རྒོད་ཚང་བ། ཞེས་མཚན་མོར་ཉལ་གྱི་གསོལ་བ་འདེབས་ས་དང་ནངས་ཡར་ལངས་ཀྱི་གུས་ཕྱག་འབུལ་སར་གྱུར་ཡོད། རབ་བྱུང་བཅུ་བཞི་པའི་ལྕགས་གླང་ལོར་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་ཟིན་ཏོ། །
        གསུང་རྩོམ་ལ། རྣམ་ཐར་དང་འགུར་འབུམ་གྱི་སྐོར། ལམ་རིམ་གྱི་སྐོར། བསླབ་བྱའི་སྐོར། སྔགས་ཕྱོགས་ཀྱི་སྐོར། སྒྲུབ་ཆོག་དང་ཐོར་བུའི་སྐོར་སྟེ་གསུངས་འབུམ་པོད་ལྔ་བཞུགས་སོ། །
རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།
        རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའམ་ཡོངས་གྲགས་སུ་རྫ་དཔལ་དགེ་རྒྱལ་པོ་མཆོག་ནི་རབ་བྱུང་བཅུ་བཞི་པའི་སྤྱི་ལོ་1808ལོར་ཁམས་བྱང་སྡེ་ཉི་མ་རྫ་ཆུ་ཁའི་ཚོ་ཆེན་དགེ་རྩེ་འགབ་མ་ཞེས་གྲགས་པའི་སའི་ཆར་དཀར་ཆུང་ཀོར་མོ་ལུང་མདའི་རྒྱལ་ཐོག་དཔོན་ཚང་དུ་སྐུ་ཡི་འདབ་མ་བཞད། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་ཨོ་རྒྱན་ཆོས་ཀྱི་དབང་པོ་ཞེས་གསོལ། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། མཁན་པོ་ཤེས་རབ་བཟང་པོ་ཞུ་བ་ལས་རབ་ཏུ་བྱུང་། རྡོ་བླ་འཇིགས་མེད་སྐལ་བཟང་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། ཞེ་ཆེན་དབོན་སྤྲུལ་ཐུབ་བསྟན་རྣམ་རྒྱལ། འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་ཀྱི་མདུན་ནས་མདོ་སྔགས་གཞུང་ལུགས་དང་ཐུན་མོང་རིག་གནས་བཅས་ལ་གསན་བསམ་ཕུལ་ཏུ་ཕྱིན་པ་མཛད། དེ་བཞིན་གསར་རྙིང་རིས་མེད་ཀྱི་མཁས་པས་བརྩམས་པའི་གཞུང་ལུགས་བདུད་རྩིའི་ཉིང་ཁུ་ལ་ངོམས་མེད་དུ་རོལ་བས་ཕྱི་ནང་ལྟ་བའི་གནད་ལ་ལུང་རིགས་རྩལ་གྱི་གདེང་ཐོབ། ཐོས་དོན་སྒོམ་སྒྲུབ་ལ་གཞོལ་བས་ཚད་མཐོ་བའི་རྟོགས་པའི་ས་ལམ་བརྙེས། རྡོ་སྟོད་སྨད་དང་གསེར་ཐར། རྫ་ཆུ་ཁ་སོགས་སུ་ཇག་རྐུན་གྱི་རྒྱུན་བཅད། དམར་སྟོན་གྱི་སྲོལ་བསྣུབས། དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཀྱིས་རྨང་བཏིངས་པའི་དཔལ་དགེ་མ་ཎི་རྡོ་འབུམ་ལ་ཁ་གསོ་དང་བཞེངས་སྐྲུན་བླ་ན་མེད་པ་གནང་སྟེ་འཛམ་གླིང་རིག་པའི་མཛེས་རྒྱན་ལྟ་བུའི་རྡོ་འབུམ་འདི་ཉིད་ཕྱི་རབས་རྒྱན་དུ་བཞག་པ་སོགས་རྫ་རྒྱལ་དགོན་གྱི་ཉེ་འགྲམ་དང་ཁམས་ཀྱི་སྟོད་སྨད་བར་གསུམ་གྱི་དགོན་སྡེ་དང་སྒྲུབ་གནས་སོགས་སུ་་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར། སྐུ་ཚེ་ཧྲིལ་པོར་ཀུན་སྤངས་བྱ་བྲལ་བའི་མཛད་པ་བསྐྱངས་ཤིང་ཕལ་བའི་རྣམ་པ་བཟུང་སྟེ་དམངས་ཁྲོད་སོགས་ནས་འབྲེལ་ཚད་ཐར་བའི་ལམ་ལ་བཀོད། ཁོང་གི་ཐུན་མོང་མ་ཡིན་པའི་ཕྱི་ནང་གསང་གསུམ་གྱི་མཛད་པ་མཚོན་པའི་ངག་རྒྱུན་གཏམ་རྒྱུད་ངོ་མཚར་བ་དམངས་ཁྲོད་ན་གྲངས་ལས་འདས། ཁྱད་པར་དུ་སྔ་འགྱུར་བསྟན་པའི་གཞུང་ལུགས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ། འོད་གསལ་བདེ་ཆེན་སྙིང་པོའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་བླ་ན་མེད་པའི་ཕྱག་རྗེས་མཐོ། གསུང་ལས་སྐྱེས་པའི་སློབ་མ་ལ། ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་རྡོར། རྒྱལ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇུ་མི་ཕམ། ཨ་ལགས་མདོ་སྔགས་རྒྱ་མཚོ། སེར་ཤུལ་ལྷ་རམས་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར་སོགས་ས་དགེ་བཀའ་རྙིང་གིས་མཚོན་པའི་སློབ་ཚོགས་གྲངས་ལས་འདས། མཐར་རབ་བྱུང་བཅོ་ལྔ་པའི་མེ་ཕག་ལོ་སྟེ་ཕྱི་ལོ1887 བོད་ཚེས་ཀྱི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས། གསུང་རྩོམ་ལ། ཁྲིད་ཡིག《ཀུན་བཟང་བླ་མའི་ཞལ་ལུང་།》སོགས་ཉམས་ལེན་དང་ཞལ་གདམས་ཀྱི་སྐོར། 《 བྱམས་ཆོས།》དང 《 སྤྱོད་འཇུག》 《 ཡོན་ཏན་མཛོད།》སོགས་ཀྱི་འགྲེལ་བ་གཞུང་བཤད་ཀྱི་སྐོར། 《 གཏམ་པདྨའི་ཚལ་གྱི་ཟློས་གར།》སོགས་གཏམ་ཚོགས་ཀྱི་སྐོར་སོགས་པོད་བདུན་ཙམ་ཡོད།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
        སྔ་འགྱུར་རྙིང་མའི་བསྟན་པའི་གསལ་བྱེད་དམ་པར་གྱུར་པ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟའི་ལོ་སྟེ་ཕྱི་ལོ་1846ལོར་རྫ་ཆུ་ཁའི་ཡ་ཆུ་དིང་ཆུང་ཞེས་པའི་སའི་ཆར་ཡབ་མགོན་པོ་དར་རྒྱས་དང་ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་དུས་ཡབ་དང་ཞང་པོའི་མདུན་ནས་ཡི་གེ་འབྲི་ཀློག་དང་རྩིས་དཀར་ནག་གི་སྔོན་འགྲོ་སོགས་ལ་བསླབས་པས་ཚེགས་མེད་དུ་མཁྱེན་ཅིང་རྩོམ་ཡིག་ཀྱང་འབྲི་ཤེས་པར་གྱུར། དགུང་ལོ་བཅུ་གཉིས་པ་མེ་སྦྲུལ་ཕྱི་ལོ་1857ལོར་གསང་སྔགས་ཆོས་གླིང་དགོན་དུ་ཞུགས་ཏེ་རབ་ཏུ་བྱུང་། བླ་མའི་གཙོ་བོར་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ལབ་དབང་ཆེན་དགྱེས་རབ་རྡོ་རྗེ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། དགེ་བཤེས་ངག་དབང་འབྱུང་གནས། བློ་གཏེར་དབང་པོ་སོགས་མཁས་གྲུབ་དུ་མ་ཚུལ་བཞིན་དུ་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་རྒྱ་མཚོའི་འཇིངས་སུ་ཤེས་བརྩོན་གྱི་གྲུ་པོ་ཆེ་ཡུན་གྱིས་བསྐྱོད་དེ་ཕ་རོལ་ཏུ་ཕྱིན། རིག་པའི་གནས་ཀུན་ལ་མཁྱེན་རབ་ཀྱི་ཉི་མ་རབ་ཏུ་རྒྱས། མདོ་དབུས་ཁམས་གསུམ་ནས་མཁས་སྙན་གྱི་པད་འདབ་རྣམ་པར་བཞད། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་པས་བསྐྱལ་ཞིང་འགྲོ་བ་དང་བསྟན་པའི་དོན་དུ་ཕྱག་རྗེས་རྣམ་པར་མཐོ་ཕྱིར་མཁས་པ་ཀུན་གྱི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར། ཁྱད་པར་དུ་བཟོ་དང་གསོ་བ་རིག་པ། རྩིས་རིག་བཅས་ཀྱི་ཕྱོགས་ལ་ཕུལ་དུ་བྱུང་བའི་བྱས་རྗེས་བཞག གསུང་ལས་སྐྱེས་པའི་སློབ་མའི་གཙོ་བོ་ནི། རྡོ་སྤྲུལ་རྡོ་རྗེ་མཆོག་དང་། གཏེར་སྟོན་བསོད་རྒྱལ་རིན་པོ་ཆེ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་སྐུ་ཕྲེང་ལྔ་པ། དཔལ་སྤུངས་སི་ཏུ་སོགས་མཁས་ཤིང་གྲུབ་པའི་དཔལ་ལ་དབང་འབྱོར་བའི་དམ་པ་ཤིན་ཏུ་མང་། མཐར་དགུང་ལོ་རེ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་1912ལོར་ད་ལྟའི་འཇུ་རི་ཁྲོད་(འཇུ་ཉུང་དགོན་)དུ་སྐུ་གཤེགས། གསུང་རྩོམ་ལ། 《 རྒྱལ་པོ་ལུགས་ཀྱི་བསྟན་བཅོས།》 《 དུས་འཁོར་འགྲེལ་ཆེན།》 《 སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ།》 《 སྨན་ཕྲེང་བརྒྱ་རྩ།》 《 ཕྱི་རྒྱུད་རྩ་ཆུའི་འགྲེལ་བ།》སོགས་སྒྲ་ཚད་སྨན་རྩིས་ཐུན་མོང་རིག་གནས་ཀྱི་སྐོར་དང་། མདོ་རྒྱུད་གཞུང་འགྲེལ་མཚན་ཉིད་ཐེག་པའི་སྐོར། གསང་སྔགས་ཐུན་མོང་སྐོར། བསྟོད་ཚོགས་དང་གཏམ་ཚོགས་སྐོར། ཞལ་འདོན་ཆོ་གའི་སྐོར་སོགས་གསུང་རྩོམ་པོ་ཏི་བཞི་བཅུ་ཙམ་ཞིག་ཕྱི་རབས་གདུལ་བྱའི་རྟེན་དང་འཛམ་གླིང་བོད་རིག་པའི་བང་མཛོད་དུ་བཞག་ཡོད། ། 

རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1