གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༡༦ཉིན།

༄༅།།ཞང་ཞུང་བའི་རཱ་མ་ཎའི་རྟོགས་བརྗོད་ཀྱི་སྒྱུ་རྩལ་ཁྱད་ཆོས་ཨེན་ཙམ་གླེང་བ།

ཚེ་རིང་སྒྲོལ་མ།
        ཞང་ཞུང་ཆོས་དབང་གྲགས་པས་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ས་བོན་དུ་བྱས་ཏེ་བརྩམས་པའི་བོད་ཀྱི་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཐོག་མ་《 རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས་》 ཀྱིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཟིན་ཡོད་ལ། འདིར་སྙན་རྩོམ་རིང་མོ་འདིའི་རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོད་མདོར་ཙམ་དཔྱད་པར་བྱ།
དང་པོ། སྒྱུ་རྩལ་གྱི་ཁྱད་ཆོས།
        སྤྱིར་སྒྱུ་རྩལ་གྱི་ཁྱད་ཆོས་ལ་མཚོན་ན་ཁོར་ཡུག་ཞིབ་འབྲི་དང་མི་སྣའི་སྣང་བརྙན་བཞེངས་བསྐྲུན། དོན་གྱི་བྱུང་རིམ་སོགས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་ཁོར་ཡུག་ཞིབ་འབྲི་བྱས་པ་ལ་བརྟེན་ནས་མི་སྣའི་སེམས་ཁམས་མཚོན་པ་དང་། སེམས་ཁམས་ཞིབ་འབྲི་བྱས་པར་བརྒྱུད་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱེད་ཅིང་རྗོད་བྱེད་ཚིག་གི་ཁྱད་ཆོས་ཀྱི་རྣམ་པར་སྤྲོས་ཏེ་སྙན་ངག་བརྩམས་ཆོས་ལེགས་པོ་ཤིག་གྲུབ་པ་བཅས་ཡིན། འདིར་སྐབས་སུ་བབས་པའི་གླེང་གཞིའམ་འཆད་དོན་དངོས་ལ་འཇུག་སྟེ། ཁོར་ཡུག་ཞིབ་འབྲི་དང་མི་སྣའི་སྣང་བརྙན་བཞེངས་བསྐྲུན། བརྗོད་བྱེད་ཚིག་གི་ཁྱད་ཆོས་བཅས་དཔེར་བརྗོད་དང་སྦྲགས་ནས་ཚན་ཆུང་མི་འདྲ་བ་དུ་མར་བགོས་ཏེ་གླེང་བར་བྱའོ།
གཉིས་པ། མི་སྣའི་སྣང་བརྙན་གྱི་བཞེངས་བསྐྲུན།
        རྩོམ་ཡིག་གི་མི་སྣའི་སྣང་བརྙན་ནི་ཁ་བརྡ་དང་བྱ་བྱེད་སོགས་ཞིབ་འབྲི་བྱས་པ་བརྒྱུད་ནས་ཕྱིར་མངོན་པ་ཞིག་ཡིན་ལ། ཁ་བརྡ་ནི་མི་སྣ་ཕན་ཚུན་བར་གྱི་གཏམ་གླེང་དང་བྱ་བྱེད་ནི་མི་སྣས་བྱ་བ་ཇི་ལྟར་བྱས་པ་དེ་ཡིན། དེ་ལྟར་བྲིས་པའི་སྒོ་ནས་མི་སྣའི་གཤིས་ཀ་མཚོན་པ་ཞིག་ཀྱང་ཡིན། སྙན་ངག་འདིར་བྱ་བྱེད་ཞིབ་འབྲི་བྱས་པའི་ཆ་མངོན་གསལ་མིན་ཡང་། འོན་ཀྱང་དེ་ལ་བརྟེན་ནས་ཁ་བརྡ་ཞིབ་འབྲི་བྱས་པ་ནི་མི་སྣའི་དགའ་སྐྱོ་ཆགས་སྡང་རིས་སུ་ཐོན་ཡོད། དཔེར་ན། སི་ཏཱའི་སྙིང་ངོ་གདོན་ཚོགས་ཀྱི། །ཆུ་འཚིན་སྒྲ་དབྱངས་གཡོ་བ་ཅན། །རོ་འཛིན་གློག་གི་གཞུ་ལས་ནི། །ས་སྐྱོང་རི་དྭགས་འདི་བཟུང་ཞེས། །ཏོག་སྒྲ་དང་བཅས་གནམ་ལྕགས་ཀྱིས། །བདག་པོའི་སྒྲ་འཛིན་ཅི་ཡང་དཀྲུགས། །ཞེས་སི་ཏཱས་རྒྱལ་བོ་རི་དྭགས་འཛིན་པར་བསྐུལ་བ་ལ་སི་ཏཱ་རང་ཉིད་ཀྱི་སྤྲོ་བ་ཁོ་ན་བསམ་སྟེ་རྒྱལ་བོའི་རྣ་ལ་གདོན་ཚོགས་ཀྱི་ཆུ་འཛིན་ནག་པོའི་ཚིག་རྩུབ་སྨྲ་བ་དང་། ཁོ་མོར་ཆགས་ནས་གཞན་དུ་འགྲོ་མ་འདོད་པར་ཡིན་ཞེས་རྒྱལ་པོས་བསྙད་ཀྱང་ཡང་ཡང་བསྐུལ་བ། དེར་སི་ཏཱས་བྱ་བའི་སྔ་གཞུག་ལ་བསམ་བློ་མི་བཏང་བར་སྐབས་བསྟུན་གྱི་སྤྲོ་བ་ཙམ་གྱི་སླད་དུ་ཁ་ནས་བྱུང་རྒྱལ་དུ་གཏམ་སྨྲ་བ་དང་། རང་ལ་ལྷག་བསམ་དཀར་བའི་རྒྱལ་བོའི་དཀའ་སྡུག་ལ་བསམ་བློ་མི་གཏོང་བ་ཞིག་ཡིན་པའི་གཤིས་ཀ་མངོན།
གསུམ་པ། དོན་གྱི་བྱུང་རིམ།
        དོན་གྱི་བྱུང་རིམ་ནི་གཏམ་རྒྱུད་ཀྱི་གྲུབ་ཆ་གཙོ་ཤོས་ཡིན་པར་འདོད་ལ། བྱུང་རིམ་ཀྱག་ཀྱོག་གིས་གཏམ་རྒྱུད་ཀྱི་འགྲོས་དང་བསྟུན་ནས་བརྩམས་ཆོས་ཧྲིལ་བོར་ནུས་པ་ཤུགས་ཆེན་པོར་ཐོན་ཡོད་པ་ནི། དཔེར་ན། དེ་ནི་རྒྱལ་སྲིད་འཛིན་མ་ལ། །འཕྲིན་ཡིག་རྐང་རྗེས་འགོད་པ་ན། །རྒྱ་མཚོའི་མངལ་ནས་ཟླ་དཀར་བཞིན། །འཆི་མེད་བུ་མོའི་ལང་ཚོ་ནི། །གློ་བུར་ཉིད་དུ་རྙིངས་བྱེད་པ། །མདངས་བཀྲ་བུ་མོ་མཛེས་མ་བཙས། །ཞེས་སྲིན་པོའི་རྒྱལ་སྲིད་ཀྱི་མངའ་ཁོངས་ཆེས་ཆེར་དར་བའི་དུས་དེ་ལ་འཆི་མེད་ལྷའི་བུ་མོའི་ལང་ཚོའང་གློ་བུར་ཉིད་དུ་རྙིངས་པར་བྱེད་པའི་ལང་ཚོའི་གཟི་མདངས་མངོན་པར་བཀྲ་བའི་བུ་མོ་མཛེས་མ་ཞིག་སྐྱེས་ཤིང་། དེར་མཛེས་སྡུག་སྟོང་གི་ཕྱུག་པས་མཚན་མཁན་གྱི་ངག་ལྟར་ཆུ་ལ་བསྐུར་བར་བསྟན་པ་དང་། རོལ་ནང་ནས་རྙེད་དེ་ཤིན་ཏུ་མཛེས་པའི་དབང་གིས་འཛམ་གླིང་གི་རྒྱལ་བོ་རཱ་མ་ཎའི་བཙུན་མོར་ཐོབ་པ། མཐར་སྲིན་པོའི་རྒྱལ་ཁམས་ཆེན་པོ་བརླགས་པ་བཅས་སྲིན་ཡུལ་དུ་སི་ཏཱ་སྐྱེས་པར་བསྟན་པ་ལ་ཤུགས་སུ་གཏམ་རྒྱུད་ཀྱི་བྱུང་རིམ་མང་པོའི་རྒྱུར་མངོན་ཡོང་།
བཞི་པ། བརྗོད་བྱེད་ཚིག་གི་ཁྱད་ཆོས།
        སྙན་ངག་འདི་ནི་ཞང་ཞུང་བས་མཁས་མཆོག་དཎྜཱིའི་སྙན་ངག་མེ་ལོང་མའི་ལུགས་སྲོལ་དང་མཐུན་པར་སྒྲ་དང་དོན་གྱི་རྒྱན་རྨད་དུ་བྱུང་བ་ཤ་སྟག་གིས་སྤྲས་ཏེ་བརྩམས་པ་ཞིག་ཡིན་ལ། སྙན་ངག་གི་ཚིག་རྒྱན་མང་པོ་ལྟ་ན་སྡུག་པའི་དཔེར་བཀོད་དེ་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཡིན་པས། རྩོམ་རིག་གི་རྗོད་བྱེད་ཚིག་གི་སྒྱུ་རྩལ་ཁྱད་ཆོས་མངོན་ཡོད་པར་མ་ཟད། མངོན་བརྗོད་ཀྱིས་བཅིངས་པ་ཤས་ཆེ་ཞིང་ཚིག་སྦྱོར་ལེགས་པ། སྙན་ཆ་ལྡན་པའི་ཁྱད་ཆོས་ཀྱིས་ཕྱུག་པ་རེད། སྙན་ངག་མེ་ལོང་མའི་རྒྱན་བཀོད་དེ་དཔེ་ཧ་ཅང་གསོན་ཉམས་ལྡན་པའི་ངང་ནས་བརྗོད་བྱའི་དོན་མཚོན་པར་བྱས་ཡོད་པ་ནི། དཔེར་ན། རང་མགོ་ལྔ་པ་ཟུང་གིས་ནི། །མཐའ་མར་ལྔ་པ་ཉིད་འོས་ཞེས། །དར་དིར་ཅོལ་ཆུང་སྒྲོགས་བཞིན་དེས། །བྲང་ནི་འཛིན་མའི་ཐོ་བ་བྱས། །ཞེས་པའི་ཤོ་ལོ་ཀ་འདིའི་བརྗོད་བྱའི་དོན་ནི་མགྲིན་བཅུར་ལྷ་ཆེན་གྱིས་གཡོ་ཟོལ་གྱི་སྦྱོར་བ་བཤམས་ཏེ་རྟ་མགོ་མ་བཅད་ཀྱི་བར་དུ་མི་འཆི་བའི་དངོས་གྲུབ་གནང་བས། རང་ཉིད་ཀྱི་མགོ་བོ་ལྔ་ཟུང་བཅུ་ཡོད་པ་འདི་དག་གིས་ནི་མཐའ་མར་ལྔ་ལམ་དུ་འགྲོ་བ་ཉིད་འོས་པ་མཚོན་ནོ་ཞེས་བསྒྲགས་པ་དང་འདྲ་བར་ལྷ་ཆེན་ལ་ལགས་སོ་ཞེས་སོགས་ཀྱི་ཚིག་གིས་གཏང་རག་འབུལ་བའི་ཅོལ་ཆུང་གི་གཏམ་གྱི་སྒྲ་དར་དིར་དུ་སྒྲོགས་བཞིན་པ་དེས་རང་གི་བྲང་ནི་འཛིན་མ་སྟེ་ས་གཞི་རྡུང་བྱེད་ཀྱི་ཐོ་བ་ལྟར་བྱས་ནས་ལྷ་ཆེན་པོ་ལ་ཕྱག་མང་དུ་འཚལ། འདིར་ཤོ་ལོ་ཀ་ཕྱེད་སྔ་མ་གཉིས་ནི་མཆོག་མིན་ངེས་བསྟན་གྱི་རྒྱན་ཡིན་ལ། མཆོག་ཏུ་གྱུར་བ་མ་ཡིན་པའི་དོན་མཚོན་བྱེད་ཀྱི་དཔེ་སྔོན་དུ་བཀོད་ནས་དེས་མཚོན་པའི་དོན་ལ་ངེས་བསྟན་གསལ་བྱེད་ཀྱི་སྒྲ་སྦྱར་བ་ཞིག་ཡིན།
མཇུག་བསྡུ་བ།
        བརྩམས་ཆོས་སུ་མྱོང་བརྒྱུད་དང་། ཐོབ་ཐང་། ལས་དབང་བཅས་མི་འདྲ་བའི་མི་སྣ་ཁག་གི་གཟུགས་བརྙན་དག་རྩ་བའི་ཆ་ནས་ཤ་རུས་དང་ལྡན་པ་ཞིག་ཏུ་བྲིས་ཡོད་པས་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་ལེགས་པ་དང་གཅིག གཏམ་རྒྱུད་ཧྲིལ་པོའི་བྱུང་རིམ་རྙོག་འཛིང་ཆེ་ཞིང་འཕེལ་རིམ་ཀྱག་ཀྱོག་ཆེ་བས། ཡིད་འགུག་པ་དང་གཉིས། དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་ལས་བརྒལ་ཏེ་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་པས་གོ་བསྐོན་བློ་འགུག་གི་ནུས་པ་ཐོན་པ་དང་གསུམ། ཚིག་སྦྱོར་བརྗིད་ཉམས་ཆེ་ཞིང་བརྗོད་དོན་མཚོན་སྟོབས་ཆེ་བ་དང་བཞི་སོགས་མང་བ་དང་ད་དུང་ཞང་ཞུང་བའི་རཱ་མ་ཎའི་རྟོགས་བརྗོད་འདིར་ཚིག་རྒྱན་གྱིས་སྤྲས་པ་ཤས་ཆེ་ཞིང་མངོན་བརྗོད་སོགས་བཀོལ་བ་མང་དྲགས་པ་དང་གཙོ་ཆེ་ཤོས་ཁ་དམ་པའི་ལུགས་སུ་བརྩམས་ཡོད་པས་ཤིན་ཏུ་གོ་དཀའ། ཡིན་ཡང་སྙན་ངག་མེ་ལོང་མ་ལས་སྙན་ངག་གི་མཛེས་པའི་ཚིག་རྒྱན་གྱི་དོ་ཤལ་སྙན་ངག་འདི་ཉིད་ཀྱི་དོན་གྱི་བྱུང་བ་བརྗོད་པའི་སྒེག་ལྡན་མའི་མགུལ་བར་དཔྱངས་ཡོད་པས་རྩོམ་རིག་གི་གྲུབ་ཆ་གཙོ་བོ་སྟེ་སྒྱུ་རྩལ་ཁྱད་ཆོས་ཀྱི་རིན་ཐང་མངོན་ཡོད་དོ། ། 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1