༄༅།། སློབ་མའི་རྩོམ་འབྲིའི་སྐོར་གླེང་བ་།

མགོན་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-22


        སྤྱིར་བཏང་རྩོམ་འབྲིའི་ནུས་པ་ནི་མིའི་འཇོན་ནུས་རིགས་ཤིག་ཡིན་པར་མ་ཟད། མིའི་འཇོན་ནུས་སྣ་ཚོགས་ཤིག་སྔོན་འདོན་བྱེད་པར་གྲོགས་སུ་འགྲོ་བའི་ནུས་པ་ཞིག་ཀྱང་རེད། ཡིན་ན་ཡང་། ང་ཚོའི་ཁོར་ཡུག་ཏུ་རྩོམ་འབྲི་བ་ནི་སྙན་ངག་པའམ་རྩོམ་པ་པོ་བྱེད་པའི་ཆེད་ཡིན་པར་ངོས་འཛིན་པ་དང་། རྩོམ་འབྲི་བར་དགའ་མཁན་ཞིག་ཡིན་ན་དེ་ལ་ཐད་ཀར་དུ་སྙན་ངག་པ་ཞེས་འབོད་པར་བྱེད་པ།ཡང་ན་རྩོམ་འབྲི་བ་ནི་སྙན་ངག་འབྲི་བ་ཡིན་པར་ལྟ་བ་སོགས་ལྟ་བུ་དང་།ཐ་ན་རྩོམ་འབྲིའི་ལས་ལ་དགའ་མཁན་ཞིག་ཡིན་ན་ཡང་ཐོག་མ་ནས་སྙན་ངག་འབྲི་བར་བརྩོན་པ་ལྟ་བུའི་སྣང་ཚུལ་ཤིན་ཏུ་མང་ལ། དེ་ནི་རྩོམ་འབྲིའི་ལས་ལ་ངོས་ཟིན་གསལ་པོ་མ་ཐོབ་པའི་སྐྱོན་ཞིག་རེད་ཅེས་བརྗོད་དུ་མེད་ན་ཡང་། ལྟ་སྟངས་དེས་རྩོམ་འབྲིའི་འཇོན་ནུས་གཞན་མང་པོ་ཞིག་གཏན་ནས་མཐོང་གིན་མེད་པ་མངོན་སུམ་རེད་ལ།ང་ཚོའི་རྩོམ་འབྲིའི་ལས་དེ་ལ་བཟུང་བའི་ལྟ་སྟངས་ནི་ཕྱོགས་རེས་གུ་དོག་ཅིག་མིན་ནམ་སྙམ་པའང་ཡིད་ལ་སྐྱེ། ལྷག་པར་གུ་དོག་པའི་རྩོམ་འབྲིའི་ལྟ་སྟངས་དེ་འདྲས་གསར་སྐྱེས་སློབ་མ་རྣམས་ལ་མི་ལེགས་པའི་ཤན་ཤུགས་ཐེབས་སླ་བར་སྙམ་ལ། གསར་སྐྱེས་སློབ་མ་ཚོའི་ཁྲོད་ན་རྩོམ་དགའ་ཡིན་ཟེར་བཞིན་སྙན་ངག་ལྟ་བུའི་རྩོམ་ཐུང་ཁོ་ན་འབྲི་ལ། རྩོམ་ལ་མི་དགའ་ཟེར་བཞིན་ཉིན་ཐོ་ཙམ་ཡང་མི་འབྲི་བའི་སྣང་ཚུལ་ཁྱབ་ཆེ། དེར་མ་ཟད་ཚིག་རྒྱན་ལྟ་བུའི་སྦྱོར་བ་ཐུང་ངུ་རེ་སྤེལ་ནས་རང་ཉིད་སྙན་ངག་པར་རློམ་པ་དང་། མིའི་སྐྱོན་མཚང་སློག་པ་ལྟ་བུའི་ཚིག་རྩུབ་ཐིག་ཕྲེང་འགའ་བསྟར་ཏེ་རང་ཉིད་དཔྱད་བརྗོད་པར་ཁས་འཆེས་པའང་ཤིན་ཏུ་མང་བ་དེ་དག་ནི་མདོར་དེད་ན་རྩོམ་འབྲིའི་སྐོར་གྱི་ལྟ་སྟངས་གུ་དོག་པའི་རིགས་དེ་འདྲ་ལ་འབྲེལ་བ་མེད་མི་སྲིད།
        དེས་ན་རྩོམ་འབྲིའི་སྐོར་གྱི་ལྟ་སྟངས་དེ་འདྲ་ཆགས་པའི་རྒྱུ་མཚན་ག་རེ་ཡིན་པར་བསམས་ན།ཁོ་བོའི་བསམ་ཚོད་ལ་ང་ཚོ་རྩོམ་འབྲིའི་སྐོར་གྱི་ཤེས་བྱ་དང་ཆེས་ཐོག་མར་འབྲེལ་འདྲིས་བྱེད་དུས་ནས་ནོར་འཁྲུལ་བྱུང་འདུག་སྙམ་སྟེ། དེ་ནི་ཅི་འདྲ་ཞིག་ལ་རྩོམ་དང་རྩོམ་རིག་ཟེར། ཅི་འདྲ་ཞིག་ལ་སྙན་ངག་དང་ལྷུག་རྩོམ། ཡང་ན་སྒྲུང་གཏམ་ཟེར་ཞེས་པ་ལྟ་བུ་དང་། དེ་ནས་དེ་དག་ལ་ཚང་དགོས་པའི་ཆ་རྐྱེན་དང་དེ་དག་གི་ཁྱད་ཆོས་ཟེར་བ་སོགས་བློར་འཛིན་པ་སོགས་ནི་ང་ཚོས་རྩོམ་འབྲིའི་སྐོར་གྱི་ཤེས་བྱ་ལ་ཐོག་མར་སྦྱོང་བ་བྱེད་ཚུལ་རེད། དེ་འདྲའི་ཤེས་བྱས་ནི་དོན་གྱིས་རྩོམ་འབྲིའི་ཕྱོགས་ལ་མཛུབ་སྟོན་གྱི་ནུས་པ་ཅི་ཡང་ཐོན་མི་སྲིད། རྩོམ་འབྲིའི་ལས་ལ་མཚོན་ན་སྤྱིར་བཏང་གི་ཚིག་སྦྱོར་སྤེལ་ལུགས་ཤེས་པའི་ཕན་ཆད་ནས་གལ་ཆེ་བ་ཞིག་ཡོད་པ་ནི་འཚོ་བའི་ནང་གི་ཆེས་ཕལ་བའི་དགའ་སྐྱོ་ཆགས་སྡང་གི་ངོ་བོར་འདྲེས་པའི་གཏམ་རྒྱུད་དང་བྱ་དངོས་ལ་གོ་བ་ལེན་ཤེས་དགོས་པ་དང་། དེ་ཡིག་ངོར་འབྲི་རྒྱུ་དེ་རེད་སྙམ།
        སྤྱིར་བཏང་རྩོམ་འབྲིའི་ལས་དེ་ནི་འཚོ་བའི་ནང་གི་ལས་བྱ་ཕལ་མོ་ཆེ་དང་འདྲ་བར།ཤིན་ཏུ་ཕལ་བའི་ལས་ཤིག་ཡིན་པ་ལས།དེ་དག་ལས་བརྒལ་ཞིང་འགོངས་པའི་ལས་ཁྱད་པར་བ་དང་རླབས་ཆེ་བ་ཅི་ཡང་མ་ཡིན་པ་དེ་ཡིད་ལ་ངེས་དགོས།དེ་འདྲའི་ངེས་ཤེས་ཀྱི་ཐོག་ནས་རྩོམ་འབྲི་བ་ནི་རང་གི་འགྲོ་འདུག་བསམ་གསུམ་དང་འབྲེལ་བའི་དོན་བྱ་རྣམས་ཟིན་ཐོར་འགོད་པ་ཞིག་དང་།ཡང་ན་རང་གི་ཉེ་འཁོར་གྱི་རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གི་བྱ་དངོས་གཏམ་རྒྱུད་སོགས་ཡིག་ངོར་བསྟར་བ་ལས་མ་འདས་པ་དེ་རེད།རྩོམ་རིག་ནི་འཚོ་བ་ལས་བྱུང་ཞེས་པ་ཡང་གོ་སླ་བོ་བྱས་ན་དེ་ལྟར་གོ་བ་བླངས་ཀྱང་མི་འགྲིག་པ་ཅི་ཡང་མི་འདུག་སྙམ།
        དེས་ན་དྲི་བ་འདི་འདྲ་ཞིག་ཀྱང་འདྲི་བར་ངེས་ཏེ། འུ་ཅག་གི་འཚོ་བ་ནི་དེ་འདྲའི་སྡོར་མེད་ཐུག་རྐྱང་ལྟ་བུའི་རོ་བྲོ་མེད་པ་ཞིག་དང་། རྩོམ་རིག་བརྩམས་ཆོས་ལས་མངོན་པའི་འཚོ་བ་ནི་དེ་འདྲའི་རོ་བྲོ་ཕུན་སུམ་ཚོགས་པ་ཞིག་ཡིན་ན། རང་གི་སྡོར་མེད་ཐུག་རྐྱང་ལྟ་བུའི་བྲོ་བ་མེད་པའི་འཚོ་བ་དང་འཚོ་བ་དེའི་ནང་གི་དོན་དག་བྱ་དངོས་དག་ཡིག་ངོར་བཀོད་པས་ཕུན་སུམ་ཚོགས་པའི་འཚོ་བ་དང་འཚོ་བའི་གཏམ་རྒྱུད་ཅིག་ཇི་ལྟར་འབྲིའམ་སྙམ་པའི་ཐེ་ཚོམ་དེ་འདྲ་གསར་སྐྱེས་སློབ་མ་རྣམས་ཀྱི་སེམས་སུ་འཆར་ངེས་ཡིན། དོན་གྱིས་དེ་ནི་རྩོམ་རིག་ནི་འཚོ་བ་ལས་བྱུང་ཞེས་པའི་གོ་བ་ལེན་སྟངས་གཞན་ཞིག་སྟེ། རྩོམ་རིག་ནི་འཚོ་བ་ལས་བརྒལ་ཡོད་ཅེས་པ་དེའི་གོ་དོན་གྱི་ཁོངས་སུ་གཏོགས་པ་སྟེ། མདོར་བསྡུས་ན་གསར་རྩོམ་ཞེས་པ་དེའི་གོ་དོན་དང་འབྲེལ་ཡོད་པ་རེད།
        གསར་རྩོམ་ནི་རྩོམ་འབྲིའི་ལས་ཀྱི་རིམ་པ་མཐར་ཐུག་དང་མཐོ་ཤོས་ཡིན་པས། གསར་སྐྱེས་སློབ་མ་རྣམས་ལ་མཚོན་ན་ད་དུང་རྩོམ་འབྲིའི་གོམ་པ་དང་པོའི་གནས་སྐབས་སུ་ཡོད་པས། སྐྱེས་མ་ཐག་ནས་མཁས་པའི་གོ་འཕང་འདོད་པ་དང་། ལངས་མ་ཐག་ནས་རྒྱང་རིང་གནས་ལ་སོན་འདོད་ཀྱི་འདུན་པ་ཆེ་བ་ལ་སྐྱོན་ཅི་ཡང་མེད་ཀྱང་། དེ་འདྲའི་གོམ་ལག་རྒྱུག་རྩལ་འཛོམས་མེད་ན། དམིགས་ཡུལ་གཙོ་བོ་ནི་གོམ་ལག་རྒྱུག་རྩལ་དེ་འདྲ་འཛོམས་པར་འབད་དགོས་པ་ནི་སྨོས་ཅི་དགོས་ན། རང་གི་འཚོ་བའི་ནང་གི་རོ་བྲོ་མེད་པ་འདྲ་བའི་གཏམ་རྒྱུད་བྱ་དངོས་དག་ལ་སེམས་དང་བསམ་པས་མཉན་པར་བྱེད་རྒྱུ་དང་། དེ་དག་ཡིག་ངོའམ་ཟིན་ཐོར་འགོད་པ་ནི་ཐབས་མཆོག་མན་ངག་ཆིག་ཐུབ་ལྟ་བུ་ཞིག་མིན་ཡང་། རྩོམ་འབྲིའི་ནུས་པ་འདེགས་པར་ཆེས་གོ་ནུས་ཆེ་ལ་མིའི་རང་གཤིས་ཀྱི་བསྲན་ཚུགས་བརྩོན་སེམས་སོགས་ཀྱང་བསྐྱེད་ནུས་པའི་སྤྱིར་བཏང་གི་ཐབས་བཀོད་ཅིག་ཅིས་ཀྱང་ཡིན་ངེས།
        དེས་ན་ཐོག་མར་རོ་བྲོ་མེད་པ་འདྲ་བའི་འཚོ་བའི་ནང་གི་གཏམ་རྒྱུད་བྱ་དངོས་ཕལ་བ་དག་ལ་ལྟ་ཉན་བསམ་གསུམ་བྱེད་ཤེས་རྒྱུ་དེ་ཡང་གལ་ཆེ་བར་སེམས་མོད། དེ་ནི་ཡུན་རིང་གི་རྩོམ་འབྲིའི་མྱོང་བ་ལས་ཤེས་དགོས་པ་ལས་ཞག་གསུམ་མགྲོན་པོ་བསུ་བ་ལྟ་བུའི་དགའ་ཐོག་ངར་ཐོག་གི་སྤྲོ་སེམས་དེས་མི་ཡོང་། དེ་ལས་ཀྱང་གལ་ཆེ་བ་ནི་རང་གི་འཚོ་བའི་ནང་གི་གཏམ་རྒྱུད་བྱ་དངོས་ཕལ་བའི་ཕལ་བར་གྱུར་པ་དེ་དག་ལྟ་ཉན་བསམ་གསུམ་བྱེད་དུས། ངེས་པར་རང་གི་དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་བརྩེ་དུང་རྣལ་མའི་སྒང་ནས་བྱེད་དགོས་པ་དེ་ཡིན་ལ། དེ་དག་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་བརྩེ་དུང་རྣལ་མའི་ཁམས་སུ་ངོ་བོ་དབྱེར་མེད་དུ་འདྲེས་པར་བྱེད་དགོས། རྩོམ་རིག་གླེང་མཁན་དག་གི་སྐད་ཆ་ལྟར་བཤད་ན་འཚོ་བ་ལ་དགའ་ཞེན་ཡོད་དགོས་ཞེས་པ་དེ་ཡིན་ནོ། ། 
        ཁོ་བོའི་བསམ་ཚོད་ལ་དེ་ནི་རྟོགས་དཀའ་བ་དང་བསྒྲུབ་དཀའ་བ་ཞིག་གཏན་ནས་མིན་པར་སྙམ། དཔེར་ན་ཁྱོད་ཀྱིས་ལམ་འགྲམ་ནས་མེ་ཏོག་ཡག་པོ་ཞིག་མཐོང་བའི་དབང་དུ་བཏང་ན། ཁྱོད་ཀྱིས་ལམ་འགྲམ་ནས་མེ་ཏོག་ཡག་པོ་ཞིག་མཐོང་སྲིད་པ་གདོན་མི་ཟ་ལ། ཁྱོད་ཀྱིས་ངེས་དགོས་པ་ནི་རང་གིས་མེ་ཏོག་དེའི་ཡག་ཅི་ཞིག་མཐོང་སོང་བ་དེ་ཡིན། མེ་ཏོག་དེའི་ཁ་དོག་དང་དབྱིབས། སྐྱེ་སའི་གནས་དང་བཞད་པའི་དུས། མེ་ཏོག་དེ་དང་འབྲེལ་བའི་གཏམ་རྒྱུད་ཅིག་གམ་དོན་དག་ཅིག གང་ལྟར་མེ་ཏོག་དེ་ལ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཡག་ཅིག་ཡོད་པ་ངེས་གཏན་ཡིན་པས། ཁྱོད་ཀྱིས་མཐོང་དགོས་པ་ངོ་མ་ནི་དེ་ཡིན་ལ། དེ་ཡང་ཁྱོད་ཀྱིས་ཡིག་ངོར་བྲིས་ནས་མ་བཤད་ན་གཞན་སུས་ཀྱང་མི་རྟོགས་པ་ཞིག་ཡིན་ངེས་ལ། གསར་རྩོམ་གྱི་འགྱུར་བ་མེད་པའི་སྙིང་པོ་ངོ་མའང་ཡིན་པ་དེ་ག་རང་རེད། འོན་ཀྱང་། འདིར་བརྗོད་འདོད་པ་ནི་བྱ་དངོས་སྒྲུང་གསུམ་གང་རུང་གི་གཞན་དང་མི་འདྲ་བའི་ཆ་དེ་གསར་རྙེད་འབྱུང་དགོས་ན། ཁྱོད་ཀྱིས་འཚོ་བ་ལ་སེམས་དང་བསམ་པས་ལྟ་ཉན་བསམ་གསུམ་བྱེད་དགོས་པ་དང་། དེ་ནི་ཁྱོད་ལ་འཚོ་བ་ལ་བཅངས་པའི་དགའ་ཞེན་དེ་མེད་ན་མི་ནུས་པ་ཡིན་ཞེས་པ་དེ་ཡིན།
        མེ་ཏོག་གི་དཔེ་དེ་བཞིན། ཁོར་ཡུག་གི་བྱ་དངོས་སྒྲུང་གསུམ་གཞན་གང་ལ་ཡང་དེ་ལྟར་རིགས་འགྲེ་མི་རུང་བ་ཅི་ཡང་མེད། དོན་གྱིས་འཚོ་བས་བསླབས་པ་དག་གི་སློབ་དེབ་དང་དཔེ་ཆས་བསླབས་པ་ལས་ཀྱང་གཏིང་ཟབ་ལ་གོ་བ་ཡངས་པས། འཚོ་བ་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་པ་ནི་མིའི་འཇོན་ནུས་སྐྱེད་སྲིང་བར་བྱེད་པའི་རང་བྱུང་གི་སློབ་གསོ་ཞིག་ཡིན། རྩོམ་འབྲིའི་ལས་ལ་སྦྱོང་བ་ནི་འཚོ་བ་ལ་སློབ་སྦྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། དེ་ནི་རྩོམ་པ་པོ་ཞིག་བྱེད་པ་ལས་ཀྱང་མིའི་འཇོན་ནུས་མཐོར་འདེགས་བྱེད་པའི་ཐབས་ལམ་ཞིག་ཏུ་བརྩིས་ན་འོས་པར་སྣང་སྟེ། རྩོམ་འབྲིའི་ལས་ལ་ཞུགས་དུས། འབྲི་བྱའི་བྱ་དངོས་གང་རུང་དེ་ལ་རྒྱུས་ལོན་ཡག་པོ་བྱེད་དགོས་པར་མ་ཟད། རིག་པའི་ཀུན་རྟོག་བྱ་དངོས་གང་དེ་ལས་བརྒལ་ཏེ་རིགས་བསྒྲེས་དཔེ་འགོད་ཀྱི་ཁམས་ཡངས་པོར་རྒྱུ་བར་བྱེད་དགོས་པས། མིའི་འཆར་སྒོ་འཕེལ་བ་དང་བསམ་གཞིག་གཏོང་བར་ཕན་པ་ལས་གཞན། རྩོམ་འབྲིའི་ལས་ལ་འཇུག་པའི་སྐབས་སུ། རང་བཞིན་ཞི་དུལ་དང་ངང་རྒྱུད་རིང་པོར་གནས་དགོས་པ་སོགས་ཀྱི་ཆ་རྐྱེན་དུ་མ་མ་བསྒྲིག་རང་ཆས་སུ་བདོག་དགོས་པས། མི་གཞིའི་བློ་སྦྱོང་དང་བསམ་པའི་ཉམས་ལེན། སེམས་ཚོར་གྱི་མྱོང་རྟོགས་སོགས་ལ་བསྟེན་ཐུབ་པ་ཡིན། དེ་དག་ནི་མི་གཞིའི་གསོ་སྦྱོང་གི་ཆ་ལག་གལ་ཆེན་ཞིག་ཡིན་པ་རེད།
        དེ་བས། གསར་སྐྱེས་སློབ་མ་རྣམས་ལ་མཚོན་ན་རྩོམ་འབྲིའི་གོ་བ་ཡང་དག་ཅིག་སྔོན་དུ་འགྲོ་བ་གལ་ཆེ་ལ། རྩོམ་འབྲིའི་གོམས་གཤིས་ཡག་པོ་ཞིག་ཆགས་པར་བྱེད་རྒྱུ་དེ་གནད་ཀྱི་དམ་པ་ཡིན། དེ་ལས་ཀྱང་རང་གི་ཉེ་འཁོར་གྱི་བྱ་དངོས་གཏམ་རྒྱུད་སོགས་སེམས་དང་བསམ་པས་མྱང་དགོས་ཏེ། སེམས་དང་བསམ་པ་དག་ན་བྱ་བྱེའུ་འབའ་འབུ་དང་རྩི་ཤིང་མེ་ཏོག སེམས་ཅན་དུད་འགྲོ་སོགས་རང་བྱུང་ཁམས་ཆེན་མོའི་ཚེ་སྲོག་ཡོད་ཚད་ལ་གླེང་མོལ་བྱེད་ཆོག་པ་རེད་ལ། དེ་དག་གིས་ཁྱོད་ལ་འཛད་དུ་མེད་པའི་བསམ་པའི་རྒྱགས་ཕྱེ་སྩོལ་བར་ཡང་གདོན་མི་ཟའོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1