༄༅།། ཉི་མ་ཐང་དགོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-22



བརྗིད་ཆགས་གཟི་བྱིན་འབར་བའི་ཉི་མ་ཐང་དགོན།

ཉི་མ་ཐང་དགོན་པའི་རྒྱབ་ལྗོངས།

ཉི་མ་ཐང་དགོན་པའི་ཡུལ་ལྗོངས་ཧྲིལ་པོ།
        མཚན་རྒྱས་པར་ཉི་ཐང་བཤད་སྒྲུབ་གླིང་ཆོས་ཀྱི་བང་མཛོད་ཅེས་ཞུ། གསང་མདའ་ནས་སྤྱི་ལེ་བརྒྱད་ཙམ་འཁོར་ལམ་བརྒྱུད་སོང་ན་སྨོན་ཞེས་པའི་ཕུའི་ལྷོ་ངོས་ཀྱི་ནགས་ཁྲོད་དུ་དགོན་དེ་མཇལ་རྒྱུ་ཡོད།ཉི་མ་ཐང་ཞེས་པ་ནི་རྭ་ལོ་ཙཱ་བས་ངས་དགོན་པ་ཉི་མ་ཐང་ལ་ཕབས་འདྲ་ཞིག་བཞེངས་ཀྱི་ཡིན་གསུངས་པས་ཉི་མ་ཐང་ཞེས་པའི་མཚན་དེ་ལྟར་བྱུང་། ཡང་རྭ་ལོ་ཙཱ་བས་སྒྲུབ་རྟགས་བཏོན་ཏེ་ཉི་མ་ཐང་ལ་ཕབ་པས་ཉི་མ་ཐང་ཞེས་པ་དེ་ལྟར་བྱུང་ཡང་གསུངས། ཐོག་མར་རྭ་ལོ་ཙཱ་བས་ཕྱག་བཏབ་གནང་བ་ལ་དེ་རྗེས་ཞབས་དྲུང་ངག་དབང་གཞོན་ནུ་དང་། ཞབས་དྲུང་སྨན་རྒྱལ། ཞབས་དྲུང་ནོར་བུ་གླིང་སོགས་སོ་སོས་རིམ་བཞིན་དགོན་དེ་བསྐྱངས་གནང་མཛད། སྔོན་གྲྭ་ཚང་གཅིག་དང་ཁང་ཚན་ལྔ་ཡོད།མདོ་སྔགས་གཉིས་ཀ་ཕྱག་བཞེད་གནང་། སྔོན་དུས་འགྱུར་གོང་དགེ་འདུན་ཞལ་གྲངས་བདུན་ཅུ་མ་ཟིན་ཙམ་ཡོད། ཞབས་དྲུང་སྨན་རྒྱལ་གྱི་དུས་སུ་གསོ་རིག་སློབ་གྲྭའང་བཙུགས་ཞེས་གསུངས།སྔོན་གྲྭ་ཚང་འདུ་ཁང་ཀ་བ་བཅུ་དྲུག་ནང་རྟེན་གཙོ་འཇིམ་གྱི་སྨན་བླ་བདེ་གཤེགས་བརྒྱད་ཐོག་ཚད་མ་དང་། ལམ་རིམ་བླ་རྒྱུད་བྱིས་པ་ལོ་བརྒྱད་ལྷག་ཙམ།རྒྱལ་བ་བྱམས་པ་དང་། ཚེ་དཔག་མེད་ཐོག་ཚད་མ། དངུལ་སྐུ་ཆེ་ཆུང་བདུན་ཅུ་སྐོར། ཤར་ལི་དང་ནུབ་ལིའེ་གདུང་རྟེན་གཉིས། བཀའ་འགྱུར་བྲིས་མ་དང་།བསྟན་འགྱུར་པར་མ། ལྷག་པར་དུ་གསུང་རྟེན་དུ་རྣམ་འགྲེལ་པོད་གསུམ་ཞེས་དང་། བརྒྱད་སྟོང་ཚུལ་ཁྲིམས་ཅན་སོགས་དང་། ཁང་ཚན་ཁག་ལའང་རྟེན་དང་བརྟེན་པ་བཅས་བཞུགས།
        ད་ལྟ་ལྷོ་བྲག་ཁང་ཚན་གསར་བཞེངས་གནང་བའི་འདུ་ཁང་ཀ་བཞིའི་ནང་རྟེན་གཙོ་འཇིམ་གྱི་ཐུབ་དབང་གི་སྐུ་བརྙན་དང་། སྨན་རྒྱལ། རྗེ་ཙོང་ཁ་པ། འབུམ་རྒྱས་འབྲིང་བསྡུས་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།     ཡང་དགོན་དེའི་རྒྱབ་རིའི་ལྡེབས་སུ་མར་པ་ལོ་ཙཱ་བ་བཞུགས་མྱོང་བའི་སྒྲུབ་ཕུག་ཅིག་ཀྱང་མཇལ་རྒྱུ་ཡོད།
        དགོན་པའི་གནས་བཤད་འདི་རྒན་ཆོས་འཕེལ་ལགས་ཀྱིས་བརྩམས་གནང་བའི《གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ》ཞེས་པ་ལས་བཏུས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1