༄༅།།བོད་ཀྱི་ས་དཔྱད་ཀྱི་འབྱུང་ཁུངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-25


        བོད་ཀྱི་ས་དཔྱད་ནི་གནམ་སའི་དབྱིབས་དང་རི་ཀླུང་ཆགས་ཚུལ་གྱི་རྣམ་པ་མི་འདྲ་བའི་ནུས་པ་ལ་བརྟག་ནས། ཁྱིམ་ཚང་དང་ཡུལ་གྲོང་དེའི་དར་རྒུད་ཀྱི་རྣམ་པ་གང་འབྱུང་མ་འོངས་སྔོན་དཔག་བྱེད་ཡས་ཀྱི་རིག་པ་ཞིག་རེད། བོད་ཀྱི་ས་དཔྱད་ཆེས་སྔ་བ་ནི་བོད་ཀྱི་ས་མཁན་མི་བཞི་ཞེས་ཁྱུང་གོད་ནམ་མཁའ་ལྡིང་དང་གཅིག  མ་གཅིག་དཔལ་གྱི་རྡོ་རྗེ་དང་གཉིས། སྲིད་པ་འཕྲུལ་གྱི་མིའུ་ཐུང་དང་གསུམ། ཅོང་རོ་མི་ཞར་རྟ་ཐིང་དང་བཞིས་མ་ཕམ་གཡུ་མཚོའི་འགྲམ་དུ་ཀླུ་མོ་ལ་ཞུས་ཏེ་དར་བའི་ལོ་རྒྱུས་དང་གཏམ་རྒྱུད་འདྲེས་མ་ཞིག་ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་། ས་དཔྱད་རིན་ཆེན་ཕྲེང་བ་སོགས་སུ་གསལ་ལ། ས་དཔྱད་ཀྱི་འབྱུང་ཁུངས་ནི༼བོད་ཀྱི་ས་མཁན་མི་བཞིས་མ་ཕམ་གཡུ་མཚོའི་འགྲམ་དུ་སའི་བྱེ་མ་བརྡལ་སྤུངས་དམར་ཁྲིད་རིན་ཆེན་ཕྲེང་བ་འདི་བསྒྲུབ་ཏུ་འོང་། ཁོང་རྣམ་པ་བཞིས་གྲོ་ཁལ་བཀལ་ནས་གླང་དཀར་པོ་རྣ་བ་ནག་པོ་གཅིག་ཡོད་པ་ལ། མཚོ་ནང་ནས་གླང་ཞིག་བུད་དེ་གླང་གཉིས་ཀ་འཐབ་ནས་བརྡུང་ཁ་འགྱེད། མཚོ་ནང་གི་གླང་དེ་ཁས་དྲེག་ནས་མ་ཐུབ་པ་ལ། མ་གཅིག་དཔལ་གྱི་རྡོ་རྗེ་མཚོ་གླང་གི་མགོ་ལ་དབྱུག་པ་བརྒྱབ་ནས་བཅག    དེ་ནས་མཚོ་ནང་དུ་མཆོངས་བས། མཚོ་ནང་ནས་བུ་མོ་མཛེས་མ་ལྟ་བས་ཆོག་མི་ཤེས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་བྱུང་བ་ལ། ཁྱུང་རྒོད་ནམ་མཁའ་ལྡིང་གིས་དྲི་བ་བྱས་པ། ཁྱོད་སུ་ཡིན། གང་ལ་འགྲོ་དྲིས་པས།  ང་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་བུ་མོ་ཡིན། ཁྱོད་རྣམས་བཞི་འདིར་ཅི་ལ་འོང་། ཅི་འདོད། གང་ལ་འགྲོ་ཟེར། ཁྱུང་རྒོད་ནམ་མཁའ་ལྡིང་གིས་བདག་ཅག་བྱེ་མ་བརྡལ་སྤུངས་རིན་ཆེན་ཕྲེང་བ་བསྒྲུབ་ཏུ་འོང་། གླང་མགོ་བཅག་པ་ལ་སྨན་བྱས་ཏེ། སོས་པར་བྱས་ནས་ཁོང་རྣམ་བཞིས་ཀླུ་མོར་སའི་བརྡལ་སྤུངས་ཁྲིད་ཞུས་པས། ཀླུ་མོས་ཁྱེད་བཞི་ལ་ཡོན་ཅི་ཡོད། ངས་བཤད་ཟེར། དེ་ནས་ཁྱུང་རྒོད་ནམ་མཁའ་ལྡིང་གིས་གསེར་ཞོ་ཙམ་གཅིག   མ་གཅིག་དཔལ་གྱི་རྡོ་རྗེས་གླང་ཁལ་གཅིག  སྲིད་པ་འཕྲུལ་གྱི་མིའུ་ཐུང་གིས་གསེར་ལུག་ཙམ་གཅིག   ཅོང་རོ་མི་ཤར་རྟ་ཐིག་གི་རྟ་ཙམ་གཅིག་ཕུལ་བ་ལ།སྲིད་པ་འཕྲུལ་གྱི་ཀླུ་མོ་མཉེས་ནས། དེ་ནས་ཁྱོད་རང་བཞིས་རང་རང་བྱེ་མ་ཐེག་ཚོད་རེ་ཁུར་ཤོག  དེར་བྱེ་མ་ཐིག་ཚོད་རི་ཀླུ་མོའི་མདུན་དུ་སྤུངས་པས། ཀླུ་མོས་བྱེ་མ་བརྡལ་ཞིང་སྤུངས་ནས་རྫས་ཀྱི་དཔྱད་པ་བརྒྱ་ཉི་ཤུ། མ་ངེས་པའི་དཔྱད་པ་བརྒྱ་ཉི་ཤུ་སྟེ། སུམ་བརྒྱ་དྲུག་ཅུ་གཏན་ལ་ཕབ་བོ།། ༽ཞེས་པར་ལྟར་བོད་ཀྱི་ས་དཔྱད་ནི་ཆེས་གནའ་སྔ་མོའི་ཤེས་རིག་རྙིང་པ་ཞིག་ཡིན་སྟབས་ལོ་རྒྱུས་ཀྱི་འགྱུར་བ་མང་པོ་ཞིག་དང་འབྲེལ་ནས་བྱུང་བ་ཞིག་སྟེ། ཐོག་མར་བོད་ཀྱི་ས་དཔྱད་བོན་དང་འབྲེལ་ནས་བྱུང་བ་དང་། དེ་ནས་སངས་རྒྱས་ཆོས་ལུགས་དང་འབྲེལ་ནས་དར་སྲོལ་བྱུང་ཡོད་པ་རེད། དེའང་བོན་དང་འབྲེལ་ནས་བྱུང་བའི་ཡིག་ཆ་གཙོ་བོར། ས་དཔྱད་བྱེ་མ་བརྡལ་སྤུངས། ས་འབུམ་དཀར་ནག  ནག་པོ་འབུམ་ནག་གདུག་པའི་ལྕེ་མདུད་དགུ་སྐོར། ཀླུ་འབུམ་དཀར་ནག་ཁྲ་གསུམ་སོགས་མང་པོ་ཡོད་པ་དང་། སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་ས་དཔྱད་ལ། སློབ་དཔོན་པདྨའི་གསང་སྔགས་ལམ་རིམ་ལས་བྱུང་བའི་ས་དཔྱད་ཐོར་བུ། ཇོ་བོ་རྗེས་མཛད་པའི་ས་དཔྱད་རིན་པོ་ཆེའི་ཐེམ་སྐས། ཀརྨ་ར་ག་ཨ་ཕྱེས་མཛད་པའི་རི་ཆོས་མཚམས་ཀྱི་ཞལ་གདམས་ལས་བཏུས་པའི་ས་དཔྱད་རིན་ཆེན་ཀུན་འདུས། ཡང་ཀློང་ཆེན་ཆོས་དབྱིངས་སྟོབས་ལྡན་གྱིས་མཛད་པའི་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་བྱུང་བའི་ས་ཆུ་ཤིང་གི་དཔྱད་པ། རྒྱ་ནག་གི་སློབ་དཔོན་དུ་ཧ་ནག་པོས་མཛད་པའི་ས་དཔྱད།  ས་དཔྱད་ཀྱི་དཔེ་ཆ་རིགས་མི་འདྲ་བ་མང་པོ་ཡོད་པ་འདི་དག་རེད།།
          ༼ཉི་མ་རྒྱལ་མཚན་གྱིས་བྲིས་པའི་བོད་ཀྱི་འཛེམ་སྤང་གི་རིགས་དང་དེའི་ཁྱད་ཆོས་སྐོར་བཤད་པ་ལས་དྲངས། ༽


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1