གཙོ་ངོས།>> དེང་རབས་མི་སྣ།>>མཁས་པའི་དབང་པོ།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༢༥ཉིན།

༄༅།།སྐྱུ་རའི་བསམ་གཏན་རྣམ་རྒྱལ།


དབང་ཆེན་གྱིས་བྲིས་ཤིང་། སངས་རྒྱས་དོན་འགྲུབ་ཀྱིས་པར་མཁོ་འདོན་བྱས།
        སྐྱུ་རའི་བསམ་གཏན་རྣམ་རྒྱལ་ནི་བོད་རབ་བྱུང་བཅུ་དྲུག་པའི་དངོས་པོ་ཞེས་པ་ཤིང་ཕོ་ཁྱི་ལོའི་ཉི་མ་བྱང་བགྲོད་ཀྱི་དུས་ཚེས་བཟང་པོར་འཇའ་ཐང་པདྨ་གཡས་འཁྱིལ་གྱི་གོང་བ། ཤར་ཟླ་དཀར་པོའི་ཀླུང་འགྲམ། འབྲོང་རྫོང་ཐུབ་པ་ཞེས་པའི་ས་གནས་སུ། ཕ་སྐྱུ་རའི་འཇིགས་བྱེད་སྐྱབས་དང་མ་གེད་ཆུང་རིག་སྐྱིད་ཟེར་བ་གཉིས་ཀྱི་བུ་རུ་སྐུ་འཁྲུངས། དགུང་ལོ་ལྔ་ཡི་ཐོག་ནས་ཀ་ཁ་སློབ་པའི་དབུ་བཙུགས་པ་དང་དགུང་ལོ་བརྒྱད་ཀྱི་ཐོག་སྟེ་ཉིན་ཐག་ཆེས་ཐུང་བའི་དགུན་ལོ་སར་གྱི་ཟླ་བའི་ནང་ཉི་མ་རེར་བཀའ་འགྱུར་དུམ་པ་རེ་སྒྲ་དག་སྒྲོས་གཙང་བའི་སྒོས་ཀློག་ཐུབ་པར་བྱུང་། དེ་ནས་སྒྲུབ་བརྒྱུད་དགོན་གྱི་མཁན་ཆེན་དང་རྣལ་འབྱོར་པ་ཆེན་མོ་སོགས་ཀྱི་མདུན་ནས་དབང་ལུང་མན་ངག་ཟབ་མོ་ཞུས་ནས་དགུང་ལོ་དགུ་ནས་བཅུ་གསུམ་གྱི་བར་དུ་བཅད་རྒྱར་བསྡད་དེ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་དང་འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་འབུམ་ལྔ་བཅས་བཞག དེ་ནས་དགུང་ལོ་བཅུ་གསུམ་ཐོག་སྒྲུབ་བརྒྱུད་དགོན་དུ་ཚོགས་ཞུགས་གནང་། དེའི་དུས་ནས་དགེ་བའི་བཤེས་གཉེན་མང་པོའི་སྐུ་མདུན་ནས་སུམ་རྟགས་དག་གསུམ་དང་། རྩིས་དཀར་ནག་གསོ་རིག་རྒྱུད་བཞི། སྒྲ་དབྱངས་ཅན་མ། སྙན་ངག་དནྜིའི་དགོངས་རྒྱན་སོགས་ཐུན་མོང་རིག་པའི་གནས་རྣམས་སྦྱངས་པ་མཐིལ་རྟོགས་པར་བྱས། ཁྱད་པར་དུ་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གཙོས་དབུ་མ་རྩ་འཇུག་བཞི་གསུམ་དང་མངོན་པ་གོང་འོག བྱམས་ཆོས་སྡེ་ལྔ་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་མོ་རྣམས་དང་ཁྱད་པར་དུ་རིམ་དགུའི་ཐེག་པའི་ཡང་རྩེར་མན་ངག་རྫོགས་པ་ཆེན་པོའི་ལམ་ཁྲིད། ཁྲེག་ཆོད་ཀ་དག་གི་དགོངས་པ་དང་ལྷུན་གྲུབ་ཐོད་རྒལ་གྱི་མན་ངག་མུན་ཁྲིད་དང་བཅས་པ་ཡོངས་སུ་རྫོགས་པའི་བཀའ་དྲིན་བསམ་ལས་འདས་པ་བསྩལ།
        དེ་ནས་དགུང་ལོ་ཉེར་ལྔ་པ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱི་སྟེ་སྤྱི་ལོ་1958ལོར་དུས་ཟིང་གི་རྐྱེན་གྱིས་དགོན་པ་དང་བྲལ་ནས་ངལ་རྩོལ་ལ་ཞུགས་ཏེ། ས་རྐོ་རྡོ་སློག ཕྱུགས་རྫི་འོ་གཡོག་སོགས་ཞིང་ལས་དང་འབྲོག་ལས། ཕོ་ལས་དང་མོ་ལས་སྣ་ཚོགས་ལ་འབད་པ། དེ་བཞིན་དྲག་པོ་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ་1980ལོར་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གྲྭས་ཆེད་ཞུས་གདན་འདྲེན་ཞུས། སྐབས་དེར་ཁོང་ལ་སྙིང་བརྩེ་བའི་མཛའ་བཤེས་རྣམས་ཀྱིས་ཁྱོད་ན་ཚོད་གཞོན་པའི་དུས་སུ་དོན་ཅི་ཡང་མ་འགྲུབ་ན། ད་རྒས་དུས་གྲོང་ཁྱེར་དུ་རྒྱལ་ཁབ་ཀྱི་བྱ་བ་འགྲུབ་རྒྱུ་མ་རེད། དེ་བས་རང་ཁྱིམ་དུ་སྡོད་དེ་དགེ་སྦྱོར་རེ་ཨེ་འགྲུབ་བལྟས་ན་དགའ་ངེས་རེད། ཅེས་པའི་བསླབ་བྱ་ཡང་ཡང་བྱས། ཡིན་ནའང་ཁོང་རྒྱལ་ཁབ་ཀྱི་ལས་བྱེད་པ་བྱས་ཏེ་རྒྱུ་ནོར་མང་ཙམ་གསོག་པའམ་ཡང་ན་གོ་གནས་ངེས་ཅན་ཞིག་ཐོབ་ཐུབ་པའི་རེ་བ་གཏན་ནས་མེད། དེ་བས་ཁོང་གི་དགོངས་ཚུལ་ནི་རང་གིས་ཤེས་ཡོན་ཅུང་ཟད་བསླབས་ཡོད་པ་འདི་མི་རིགས་རང་ཉིད་ཀྱི་རིག་གནས་ཉམས་གསོ་བྱ་བའི་ཆེད་དུ་ཕུལ་ཏེ། རང་ཉིད་ལ་ཐུགས་བརྩེའི་ཕ་མས་བུ་རྒྱུད་བཞིན་དུ་བསྐྱངས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱི་དགོངས་པ་རྫོགས་པ་ཞིག་ཨེ་ཡོང་སྙམ་པའི་རེ་འདུན་ལྡོག་ཏུ་མེད་པ་དམ་པོར་བཅངས་ཏེ་དང་དུ་བླངས། དེ་ནས་བཟུང་འབྲིང་རིམ་ཆེད་ལས་སློབ་འབྲིང་གི་སློབ་མ་དང་ཡུལ་ཤུལ་ཁུལ་རྫོང་ཁག་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་ཐེངས་དུ་མར་སློབ་ཁྲིད་གནང་བར་མ་ཟད། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ཡུལ་ཤུལ་བོད་ཡིག་འཛིན་གྲྭ་དང་ཡུལ་ཤུལ་དྭ་ཕྲུག་བོད་སྨན་སློབ་གྲྭ་བཅས་ལ་སུམ་རྟགས་དག་གསུམ་དང་སྙན་ངག གནའ་རྩོམ་གཅེས་བཏུས། སྔགས་ཀྱི་ཀློག་ཐབས་དང་སྒྲ་དང་ཚད་མ་སོགས་སློབ་ཁྲིད་གནང་ཞིང་། དུས་མཚུངས་སུ་རང་སྐྱོང་ཁུལ་གྱིས་བསྡུས་པའི་དགོན་སྡེ་སོ་སོའི་བླ་སྤྲུལ་དང་གྲྭ་ཚང་མང་པོ་ལ་སློབ་ཁྲིད་གནང། དགོན་པ་ཁག་གི་བཤད་གྲྭས་གདན་འདྲེན་བྱས་པ་བཞིན་ཕྱིན་ཏེ་སློབ་ཁྲིད་ཐེངས་མང་པོ་བྱས། ད་ལྟ་ཡུལ་ཤུལ་ས་ཁུལ་གྱི་བླ་སྤྲུལ་གསར་གྲས་རྣམས་ཁོང་གི་སློབ་ཁྲིད་ལ་གསན་མ་མྱོང་པ་ཕལ་ཆེར་མེད།

《སྐྱུ་རའི་བསམ་གཏན་རྣམ་རྒྱལ་གྱི་གསུང་རྩོམ་གཅེས་བཏུས་འདོད་འཇོའི་བུམ་བཟང་།(པོད་ལྔ།)》
        སྤྱི་ལོ་1983ལོར་འཆད་ཁྲིད་དགེ་རྒན་གྱི་མཚན་གསོལ་ཐོབ་པར་མ་ཟད། སྤྱི་ལོ་1986ལོར་མཐོ་རིམ་འཆད་ཁྲིད་དགེ་རྒན་གྱི་མཚན་གསོལ་ཐོབ་པ་དང་། རྒྱལ་ཡོངས་སློབ་གསོའི་འཐབ་ཕྱོགས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་མི་དམངས་ཀྱི་དགེ་རྒན་ཞེས་པའི་གཟིགས་ལྡན་དཔང་རྟགས་ཐོབ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་སྐབས་བདུན་པ་དང་སྐབས་བརྒྱད་པ། སྐབས་དགུ་པ་བཅས་ཀྱི་ཨུ་ཡོན་བདམས་ཐོན་བྱུང་། སྔ་རྗེས་སུ་《སྦྲང་ཆར།》དང་ཡུལ་ཤུལ་གྱི་《གཙང་གསུམ།》 《སྐྱ་རེངས།》 《གངས་རིའི་རང་མདངས།》སོགས་དུས་དེབ་དང་རྩོམ་དེབ་སྣ་ཚོགས་སུ་《རྫོགས་ལྡན་གསར་པ་མགྲོན་དུ་བསུ།》《ཁོར་ཡུག་སློབ་གསོ།》སོགས་དང་《རྒྱ་ནག་མི་ཎི་ཉམས་གསོ་གསར་བཞེངས་ཀྱི་མཚམས་སྦྱོར།》《བརྡ་སྤྲོད་སྐོར་གྱི་དཀའ་གནད་རང་ལྟོས་སློབ་བུ་རྣམས་ལ་ཕན་པའི་ངག》《སྙན་ངག་གི་རྣམ་བཤད་བློ་གསལ་མགུལ་རྒྱན།》《རྒྱལ་སྲས་ལག་ལེན་གྱི་འགྲེལ་པ་ལམ་སྟོན་སྒྲོན་མེ།》སོགས་རྩོམ་ཡིག་རིང་ཐུང་དུ་མ་ཞིག་མཛད། ཉེ་ཆར་《སྐྱུ་རའི་བསམ་གཏན་རྣམ་རྒྱལ་གྱི་གསུང་རྩོམ་གཅེས་བཏུས་འདོད་འཇོའི་བུམ་བཟང་།(པོད་ལྔ།)》པར་སྐྲུན་བྱས། ལས་འཁྱུར་ངལ་གསོ་བྱས་པའི་རྗེས་སུ་རིས་མེད་ཀྱི་བླ་སྤྲུལ་དང་གྲྭ་བཙུན། ལས་བྱེད་པ་དང་སློབ་མ། དེ་མིན་སྤྱི་ཚོགས་ཐོག་གི་མི་སྣ་སོགས་ལ་སློབ་ཁྲིད་གནང་རྒྱུན་མ་ཆད། ཁོང་རང་གིས། ངའི་ཁྱིམ་ནི་སློབ་ཁང་ཡིན་པར་མ་ཟད་གཞུང་ལས་ཁང་ཡང་ཡིན་ལ། ངའི་ལས་ཀ་ལ་དུས་ཚོད་མེད་པར་མ་ཟད་ཚར་རྒྱུ་མེད་པ་ཞིག་ཀྱང་ཡིན། ཡིན་ཡང་རང་ཉིད་ལ་དཀའ་སྣང་དང་འཚེར་སྣང་སྤུ་ཙམ་མེད་པར་དགའ་བའི་ཉམས་དང་དགོད་པའི་འཛུམ་དང་ལྡན་པས་དུས་འདའ་བ་ཡིན་ནོ་ཞེས་གསུངས། །  

སྐྱུ་རའི་བསམ་གཏན་རྣམ་རྒྱལ་གྱི་བརྩམས་ཆོས་འགྲེམ་སྤེལ་ཚོགས་འདུའི་ཡུལ་དངོས།

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1