རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར་དམངས་ཚོགས་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བྱེད་སྒོ་1700ལྷག་ནང་གདན་འདྲེན་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-27


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། 2017ལོའི་ཟླ་6ཚེས་10ཉིན་ནི་རང་རྒྱལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་རེད། གོང་ཚེས་ཉིན་གསར་འགོད་པར་རིག་གནས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཤུལ་བཞག་ཉིན་མོའི་སྔ་ནུབ་ཏུ་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་1700ལྷག་སྤེལ་རྒྱུ་ཡིན་པས། ས་གནས་ཁག་གི་དམངས་ཚོགས་ཚང་མར་བྱེད་སྒོར་ཞུགས་པའི་གོ་སྐབས་ཐོབ་རྒྱུ་ཡིན་པ་རེད།
 དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་རིག་གནས་པུའི་མངོན་མིན་རིག་གནས་ཤུལ་བཞག་སིའི་སི་ཀྲང་གཞོན་པ་ཝང་ཁྲེན་དབྱང་གིས་ངོ་སྤྲོད་བྱས་དོན། འདི་ལོའི་ཤུལ་བཞག་ཉིན་མོའི་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྟེ། རྒྱུན་འཛིན་སྒོས་འཕེལ་རྒྱས་གཏོང་བའི་ངོ་མཚར་ལག་ལེན”ཞེས་པ་དང་། འབོད་ཚིག་ནི“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྟེ། འཚོ་བའི་ཁྲོད་དར་སྤེལ་དང་ལག་ལེན་ཁྲོད་སྐུལ་སྤེལ་བྱེད་པ”དང་། “མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྒོས་རྒྱུན་འཛིན་བྱས་ནས་འཚོ་བའི་ཁྲོད་རྣམ་དཔྱོད་ལྡན་པ་བྱེད་དགོས”“གསོན་ཤུགས་འཕེལ་བའི་སྡེ་ཁུལ། གསོན་ཉམས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག”“ཀྲུང་གོའི་སྲོལ་རྒྱུན་གྱི་བཟོ་རྩལ་དར་སྤེལ་གཏོང་དགོས”ཞེས་པ་དེ་ཡིན། 
        ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6ཚེས་10ནས་ཚེས་18ཉིན་བར་འཚོག་རྒྱུ་ཡིན་པའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པས“རྒྱུན་འཛིན་སྒོས་འཕེལ་རྒྱས་གཏོང་བའི་ངོ་མཚར་ལག་ལེན”བརྗོད་དོན་གཙོ་བོར་བྱེད་པ་དང་། “འཚོ་བའི་ཁྲོད་བསྐྱོད་པ་དང་གསོན་ཤུགས་འཕེལ་བར་བྱེད་པའི”འདུ་ཤེས་ལ་སྲུང་བརྩི་ཞུ་བ། “འཛམ་གླིང་གི་དར་སྲོལ་དང་། ཀྲུང་གོའི་དུས་ཆེན། ཀྲུང་གོའི་ཁྲང་ཞི། ཀྲུང་གོའི་བཟོ་རྩལ”གཙོ་རྐང་དུ་བྱས་ནས་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་མུ་འབྲེལ་འགྲེམས་སྟོན་ཆེ་མོ་དང་། རྒྱལ་སྤྱིའི་གྲོས་ཚོགས་གླེང་སྟེགས། མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་འགྲན་སོགས་བྱེད་སྒོ་མང་པོ་གཉེར་རྒྱུ་རེད། སྲོལ་རྒྱུན་གྱི་འཁྲབ་སྟོན་སྒྱུ་རྩལ་སྡེ་ཁུལ་དུ་སྤེལ་བའི་བྱེད་སྒོའི་ཁྲོད་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་རུ་ཁག་34ཁྲེང་ཏུའུ་གྲོང་ཁྱེར་གྱི་ཆུས་དང་རྫོང་22ཀྱི་གྲོང་གསེབ་སྡེ་ཁུལ་དུ་བསྐྱོད་དེ་རྣམ་པ་ཕུན་སུམ་ཚོགས་ཤིང་ཕན་ཚུན་མཉམ་འགུལ་ཐུབ་པའི་འགྲེམས་འཁྲབ་བྱེད་སྒོ་400ཙམ་སྤེལ་རྒྱུ་ཡིན་པ་རེད།
        གཞན་ཡང་། རིག་གནས་པུས་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པོའི་ཞིབ་འཇུག་དང་། ཟབ་སྦྱོང་། སློབ་སྦྱོང་། གསོ་སྦྱོང་གི་འཆར་གཞིའི་ནང་ཞུགས་མཁན་སློབ་ཆེན་སོགས་ཚུད་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འབྲེལ་ཡོད་ཚན་པ་བཅས་ཁག་གིས་དྲིལ་བསྒྲགས་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོ་ཡོང་བར་བྱ་རྒྱུ་མ་ཟད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་རང་རང་གི་ཚོགས་ར་གཙོ་བོའི་བྱེད་སྒོའང་སྤེལ་རྒྱུ་ཡིན་པ་དཔེར་ན། ཧོ་པེས་པེ་ཅིང་དང་ཐེན་ཅིན་དང་མཉམ་དུ་ལང་ཧྥང་དུ“པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཉམ་འབྲེལ་འགྲེམས་སྟོན་སྐབས་གསུམ་པ”དང་། རིག་གནས་པུས་གུང་ཝང་ཚང་དུ“མངོན་མིན་རིག་གནས་ཤུལ་བཞག་གི་གྱོན་ཆས་ངོམས་སྟོན” ཀྲུང་གོའི་ཁུན་ཧྲན་ཁྲང་ཞིའི་གནའ་བོའི་སྒྲ་སྙན་དཀྲོལ་གཏོང་ཞིབ་འཇུག་ཁང་གིས“དུས་བཟང་མཛེས་ལྗོངས་ཏེ། གནའ་བོའི་སྒྲ་སྙན་གྱིས་ཁུན་ཧྲན་ཁྲང་ཞི་དཀྲོལ་བར་བྱེད” རྒྱལ་ཁབ་དཔེ་མཛོད་ཁང་གིས“མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་འཆད་ཁྲིད་ཟླ་བ”ཞེས་པ་སོགས་འཚོག་རྒྱུ་ཡིན་པ་ལྟ་བུ་རེད།
        2006ལོ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྟར་གྱི་ཟླ་བ་དྲུག་པའི་གཟའ་འཁོར་གཉིས་པའི་རེས་གཟའ་སྤེན་པ་དེ“རིག་གནས་ཤུལ་བཞག་ཉིན་མོར”གཏན་འཁེལ་བྱས་པ་དང་། 2016ལོར“རིག་གནས་ཤུལ་བཞག་ཉིན་མོ”དེ“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར”བསྒྱུར་ནས་གཏན་ལ་འཁེལ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1