གྲུབ་འབྲས་གཡུར་དུ་ཟ། མདུན་ལྗོངས་འོད་ཀྱིས་ཁྱབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 05-27


        ཟླ་5བའི་ཚེས་24ཉིན་ནས་ཚེས་25ཉིན། རང་ཁུལ་གྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ལ་ནན་ཏན་གྱིས་གྲོས་མོལ་བྱས། རྔ་བ་ཁུལ་གྱི་འཐུས་མིའི་ཚོགས་པའི་ཚོགས་གཙོ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་གིས་གཙོ་འགན་བཞེས་ཤིང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ནོར་བུ་རྒྱལ་མཚན་དང་དབྱང་ཁེ་ཉིང་། ཞང་ཞའོ་ཧྥང་། ལི་ཝེ་གོ་སོགས་གྲོས་ཞིབ་ཏུ་ཞུགས་པ་རེད།
        ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་གིས་ཞིང་ཨུའི་བླང་བྱ་དང་བློ་མཐུན་ཝང་ཏུང་མིང་གིས་རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་སྤྱི་ལ་དམིགས་ནས་བཏོན་པའི་ཉམས་ལེན་དྲུག་ལེགས་པོར་བསླབས་ཤིང་ཁོང་དུ་ཆུད་པ་བྱས་ཏེ། སི་ཁྲོན་སྐྱོང་སྤེལ་གྱི་བླང་བྱ་གསར་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ལས་དོན་རེ་རེ་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་སྔོན་གྲལ་དུ་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། རང་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ཡིད་ཚིམས་པར་བྱེད་པའི་ལན་ཞིག་འདེབས་རྒྱུ་ཡིན་ཞེས་གསུངས། 
        དེས་ན་ང་ཚོས་རྔ་བ་ཁུལ་གྱི་འདས་པའི་ལོ་ངོ་ལ་ཕྱིར་མིག་ཅིག་བལྟས་ན་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། མ་འོངས་པའི་ལོ་ངོ་ལྔ་ལ་རྒྱང་ལྟ་ཞིག་བྱས་ན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའི་མིང་གིས་རྔ་བ་ཁུལ་གྱི་ལས་དོན་རེ་རེ་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་སྔོན་གྲལ་དུ་སྤེལ་ནས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་གསུངས་པ་ལྟར་མདུན་སྐྱོད་ཀྱི་གོམ་སྟབས་བརྟན་ལ་རེ་བ་དང་ཡིད་ཆེས་ཟབ།
རྔ་ཁུལ་གྱི་འདས་པའི་ལོ་ལྔ།
        རང་ཁུལ་གྱིས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནི་གནད་དོན་ཐམས་ཅད་ཐག་གཅོད་པའི་ཐབས་མཆོག་ཏུ་བརྩིས་ནས། ལྗང་མདོག་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་རྒྱུན་བསྐྱངས་ཤིང་། ཡུལ་དུས་དང་བསྟུན་པའི་རྔ་ཁུལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་པ་རེད།
        ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆ་9ཡིན་ལ། སྒོར་དུང་ཕྱུར་200ལས་བདེ་བླག་ངང་བརྒལ་བ་རེད། ས་གནས་ནོར་སྲིད་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་30ལས་ཐོག་མར་བརྒལ་བ་རེད། ཁྲོན་ཀན་མཚོ་གསུམ་འབྲེལ་མཚམས་ཀྱི་ས་ཁུལ་དཔལ་འབྱོར་ལྟེ་གནས་ཆགས་བཞིན་པའི་སྒང་ཡིན།
        རང་ཁུལ་གྱིས་མང་ཚོགས་ཀྱི་བདེ་སྐྱིད་ནི་དམངས་འཚོ་འཛུགས་སྐྲུན་གྱི་ཆེས་བླ་ན་མེད་པའི་རེ་སྙེག་ཏུ་བརྩིས་ནས། མང་ཚོགས་ཀྱི་རེ་སྒུག་དང་སེམས་ཁྲལ་ནས་མགོ་བརྩམས་ཏེ། དཀའ་ངལ་དང་ཞན་ཆ་བསལ་ཞིང་འདྲ་མཉམ་སྐུལ་སྤེལ་བྱས་བས་མང་ཚོགས་ལ་སྐྱིད་སྣང་ཇེ་དྲག་ཏུ་འགྲོ་བཞིན་ཡོད།
        ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ནི་2011ལོ་ལས་མི་གྲངས་ཁྲི་7.4ཇེ་ཉུང་དུ་སོང་ཞིང་། གྲོང་མཁར་སྡོད་དམངས་ཀྱི་མི་རེར་ཆ་སྙོམས་བགོ་ཆོག་པའི་ཡོང་འབབ་ལོ་རེར་བརྒྱ་ཆ་8.8དུ་འཕར་ཡོད། ཞིང་གྲོང་སྡོད་དམངས་ཀྱི་མི་རེར་ཆ་སྙོམས་བགོ་ཆོག་ཡོང་འབབ་ལོ་རེར་བརྒྱ་ཆ་18དུ་འཕར་ཡོད།
        རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་དུ་ཆེས་ཐོག་མར་ལོ་བཅུ་ལྔའི་འོས་བབ་སློབ་གསོ་ལག་ཏུ་བསྟར་ཅིང་། ལས་ཞུགས་མི་གྲངས་ཁྲི་4.2འཕར་ཡོད།
རྔ་ཁུལ་གྱི་མ་འོངས་པའི་ལོ་ལྔ།
        འཕེལ་རྒྱས་འདུ་ཤེས་རྣམ་ལྔ་ཡིས་གཅིག་གྱུར་བཀོད་འདོམས་བྱེད་ཅིང་། ས་ཁུལ་གསུམ་དང་ལྟེ་གནས་གཅིག་འཛུགས་སྐྲུན་ཇེ་མགྱོགས་སུ་སྐུལ་འདེད་བཏང་ནས། ལས་དོན་རེ་རེ་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་སྔོན་གྲལ་དུ་ཧུར་ཐག་གིས་སྤེལ་རྒྱུ་རེད།
        2021ལོར་བསླེབ་ན། ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་དང་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་ནི་2011ལོ་དང་བསྡུར་ན་ལྡབ་འགྱུར་གྱིས་འཕར་ཐུབ་པ། སོ་སོ་སྒོར་དུང་ཕྱུར་400དང་སྒོར་དུང་ཕྱུར་40རུ་འཕར་བར་བརྩོན་རྒྱུ་རེད།
        མི་རིགས་རང་སྐྱོང་ཁུལ་30ལས་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་དང་མི་རེའི་ཆ་སྙོམས་ནོར་ཤུགས་ཕལ་ཆེར་ཨང་བཅུ་བའི་ནང་ལ་གནས་པ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་ཡོང་འབབ་ཀྱིས་དཔལ་འབྱོར་སྤྱིའི་ཆ་ཟིན་ཚད་ནི་ཨང་5བའི་ནང་ལ་གནས་པ།
        གྲོང་ཁྱེར་དང་ཞིང་གྲོང་གི་མི་རེའི་ཆ་སྙོམས་བགོ་ཆོག་པའི་ཡོང་འབབ་ནི་ཕྱེད་ཙམ་འཕར་ཐུབ་པ་བྱས་ཏེ། མི་རིགས་རང་སྐྱོང་ཁུལ་གྱི་ཨང་10བའི་ནང་ལ་གནས་ཐུབ་པ་བྱེད་རྒྱུ་རེད།
        ང་ཚོས་འདས་དོན་ལ་འདང་རེ་བརྒྱབ་ན། ང་ཚོར་ཡིད་འགུལ་ཐེབས་ཤིང་གཟི་དཔལ་ཞིག་རང་ཤུགས་སུ་རྒྱས་ཡོང་། མ་འོངས་ལ་རྒྱང་ལྟ་བྱས་ན། ང་ཚོ་སྤྲོ་བ་འབུམ་གྱིས་མྱོས་ཤིང་རེ་བའི་འདབ་བརྒྱ་བཞད་ཡོང་།
        རྔ་བ་ཁུལ། སྔར་ལས་གཟི་དཔལ་འབུམ་གྱིས་ཕྱུག་ཅིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གསར་བ་ཞིག་གི་ལམ་དུ་བསྐྱོད་དང་སྐྱོད་བཞིན་གདའ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1