༄༅། །ཁྱོད་རང་ཉིད་ཀྱི་འཇིག་རྟེན་སྐྲུན་ཅིག

ཨེ་མེར་སུན་གྱིས་བརྩམས། མགོན་པོ་སྐྱབས་ཀྱིས་འདེམས་བསྒྱུར་བྱས། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་ཚིགས། སྤེལ་དུས། 07-17


      ཤེས་རབ་ལ་ནམ་ཡང་མི་འགྱུར་བའི་མཆོན་བྱེད་ཅིག་ཡོད་པ་ནི། རྒྱུན་ལྡན་གྱི་དངོས་པོ་ལས་རྒྱུན་ལྡན་མ་ཡིན་པའི་ངོ་མཚར་མ་ཐོང་ཐུབ་པ་དེའོ།། ཉིན་གཅིག་ནི་ཅི་ཞིག་རེད།ལོ་གཅིག་ནི་ཅི་ཞིག་རེད། དབྱར་ནི་ཅི་ཞིག་རེད། བུད་མེད་ནི་ཅི་བྱེད་མཁན་རེད། བྱིས་པ་ནི་ཅི་ཞིག་རེད། གཉིད་ཉལ་བ་དེ་ཡང་ཇི་ལྟར་རེད། ང་ཚོ་མི་ཤེས་རྨོངས་འཐོམས་སུ་གནས་པའི་སྐབས་སུ། གནད་དོན་འདི་དག་ལ་ཡིད་འགུག་པའི་ནུས་པ་ཅི་ཡང་མེད།  ང་ཚོས་མཚར་གཏམ་སྣ་ཚོགས་ཤིག་བཟོས་ནས་དོན་དངོས་ཀྱི་གནས་ལུགས་དམར་རྗེན་རྣམས་བསྒྲིབས་པར་མ་ཟད། ད་དུང་བདེན་ཁ་ཆེན་པོའི་ངང་ནས་དེ་ལྟར་བྱས་ན་བསམ་བློའི་ཆོས་ཉིད་ཅུང་མཐོན་པོ་ཞིག་ལ་འཚམ་ཚུལ་སྨྲ། 
      ཡིན་ནའང་ང་ཚོས་བསམ་བློའི་འོད་སྣང་ཞིག་གི་བཀྲག་མདངས་ངོགས་ནས་དངོས་དོན་ངོ་མ་མཐོང་བ་ན།  མཚར་གཏམ་མཛེས་པོ་དེ་དག་གི་བཀྲག་མདངས་ཤོར་ཏེ་ཡལ་འགྲོ། ད་ལྟ་ང་ཚོས་ཅུང་མཐོ་བའི་ཆོས་ཉིད་དེ་དངོས་གནས་མཐོང་བྱུང་། དེ་བས།ཤེས་ལྡན་པས་བལྟས་ན།དོན་དངོས་དེ་ད་གཟོད་སྙན་ངག་དང་མཛེས་སྡུག་གི་མཚར་གཏམ་ངོ་མ་རེད། ངོ་མཚར་དེ་དག་ང་ཚོའི་མདུན་དུ་བསྐྱལ་འོང་ངེས་རེད། སྐྱེས་པ་ཕོ་རབ་ཅིག་ཡིན་པའི་ཆ་ནས། སྐྱེས་པ་དང་སྐྱེས་མའམ། ཁོ་ཚོའི་སྤྱི་ཚོགས་འཚོ་བ་དང་དབུལ་ཕོངས། ངལ་རྩོལ། གཉིད་ཉལ་བ། འཇིགས་སྐྲག ལས་སྐལ་སོགས་ཀྱི་གནད་དོན་ཁྱོད་ཀྱི་བློ་ཁོག་ན་གསལ་འོས་ལ། གནད་དོན་འདི་དག་ཁྲོད་ཕྱི་ཚུལ་ཙམ་དུ་གནས་པ་གཅིག་ཀྱང་མེད་དེ། སྣང་ཚུལ་རེ་རེ་ལ་དེའི་སྐྱེས་ཐོབ་ཀྱི་ནུས་པ་དང་བསམ་བློ་བརྩེ་དུང་གི་གཞི་ཁུངས་རེ་ཡོད།  སྤྱི་མཚན་གྱི་གནད་དོན་དག་གིས་ཁྱོད་ཀྱི་རྟོག་པ་ཟིན་པའི་སྐབས་སུ། རང་བྱུང་ཁམས་ཆེན་པོས་ཁྱོད་རང་གི་ལག་པ་གཉིས་ལ་བརྟེན་ནས་གནད་དོན་ཐག་གིས་གཅོད་པའི་བྱེ་བྲག་གི་ཐབས་ལམ་བསྟན་ཡོང་། འདི་ནི་ལྐོག་གྱུར་ཟབ་མོ་འཚོལ་རྟོག་གི་སྤྱོད་ལམ་ཞིག་ཡིན་ལ།དེས་ཉུང་ཙམ་ཉུང་ཙམ་གྱི་སྒོ་ནས་ང་ཚོའི་ཉིན་རྒྱུན་གྱི་མྱོང་བརྒྱུད་དང་བསམ་བློའི་འདུ་ཤེས་ཀྱི་བྱུང་འཕེལ་གཉིས་གཤིབ་བསྡུར་བྱེད་ཅིང་། ནང་སྒོས་སུ་མི་ཚེའི་འགག་གནད་ཀྱི་སྐབས་སུ་དེ་ལྟར་བགྱིས་འོང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1