༄༅།། སྐད་འགགས་པའི་སྨན་འཐུང་བར་གཟབ་གཟབ་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-09


        སྐད་ཆ་བཤད་ན་ཐང་ཆད་པ་དང་དབུགས་ཀྱིས་མི་འདང་བ། སྐད་འགགས་ནས་སྐད་གསེང་མཐོན་པོས་བཤད་མི་ཐུབ་པ་སོགས་ནི། མི་རྣམས་ཀྱིས་དོན་ཆུང་ཞིག་ལ་བརྩིས་ཏེ་གང་འདོད་ཀྱིས་མིད་པའི་ཐད་ཀྱི་སྨན་ཞིག་ཉོས་ནས་འཐུང་བའམ་ཡང་ན་དབུགས་ཀྱིས་མི་འདང་བ་དེར་ལུས་ཟུངས་གསོ་བའི་སྨན་རྫས་རེ་བླངས་ནས་འཐུང་བཞིན་ཡོད། ཡིན་ནའང་ཆེད་མཁས་སྨན་པས་བཤད་པ་ལྟར་ན། སྐད་འགགས་པ་དང་དབུགས་ཀྱིས་མི་འདང་བ་དེར་རྒྱུ་རྐྱེན་མང་པོ་ཡོད་པས། ནད་བབ་དང་བསྟུན་ནས་སྨན་འཐུང་དགོས་ཟེར།
        སྐད་འགགས་པར་རྒྱུ་རྐྱེན་མང་པོ་ཡོད།
        སྐད་འགགས་པར་རྒྱུ་རྐྱེན་མང་པོ་ཡོད་དེ། གལ་ཏེ་མྱུར་བའི་རང་བཞིན་གྱི་མིད་པའི་གཉན་ཚད་ལས་བསླངས་པ་ཡིན་ན། རྩྭ་སྨན་ལས་སྡེབ་པའི་འཇིབ་སྨན་དང་ཡང་ན་དེ་དང་འགྲོགས་ནས་འབྲེལ་ཡོད་ཀྱི་སྨན་རྫས་འགའ་རེ་འཐུང་པས་ཆོག འོན་ཀྱང་སྐད་འགགས་པའི་དུས་ཡུན་ཅུང་རིང་ན་ངེས་པར་དུ་ནད་ཀྱི་རྒྱུ་རྐྱེན་བཙལ་དགོས།
        རྒྱུན་དུ་ཕོ་བ་སྦོས་པ་དང་། ཨིག་ག་རྒྱག་པ། ཕོ་སྐྱུར་ལངས་པ་སོགས་ལས་བསླངས་པའི་སྐད་འགགས་པར་བཟའ་བཏུང་གི་སྡེབ་ཁའི་གོམས་གཤིས་ལེགས་སྒྲིག་བྱེད་དགོས་པ་དང་། ཕོ་བ་དང་ཕོ་སྐྱུར་ལངས་པའི་སྨན་སོགས་བཀོལ་ན་རྩ་བ་ནས་སངས་དྲག་ཏུ་གཏོང་ཐུབ། གལ་ཏེ་སྐད་འགགས་པ་དེ་མིད་པར་རྨ་མདུད་བརྒྱབ་པ་དང་སྐྲངས་པ་སོགས་ལས་བསླངས་པ་ཡིན་ན། ནད་བབ་དང་བསྟུན་ནས་སྐད་གདངས་ཀྱི་སྦྱོང་བརྡར་དང་གཤགས་བཅོས་གཙོ་ཡིན་པའི་ཕྱོགས་བསྡུས་ཀྱི་གསོ་བཅོས་བྱེད་ཐབས་ལ་བརྟེན་དགོས།
        དུ་ཆང་གཉིས་ཀར་བསྟེན་པའི་སྐྱེས་པ་རྒན་དར་རྣམས་ལ་མཚོན་ན། སྐད་འགགས་པ་དེ་ད་དུང་མིད་པའི་འབྲས་སྐྲན་བྱུང་ཡོད་མེད་ལའང་མཉམ་འཇོག་བྱེད་དགོས།
        དེ་ལྟར་སྐད་འགགས་པའི་རྒྱུ་དང་རྐྱེན་གསལ་བོར་བཙལ་དགོས། ནད་ཐོག་ཏུ་ལན་རེར་ཨོལ་གོང་གཤེར་རྨེན་གྱི་འབྲས་དང་མིད་པའི་འབྲས། གློ་འབྲས་བཅས་བྱུང་ཡོད་པའི་ནད་པའི་ཐོག་མའི་ནད་རྟགས་ཀྱང་སྐད་འགགས་པ་ཡིན་པས། གལ་ཏེ་རང་ཉིད་ལ་སྐད་འགགས་པའི་ནད་རྟགས་ཡོད་པར་མ་ཟད། ལྷག་པར་དུ་དུས་ཡུན་གཟའ་འཁོར་གཉིས་ཡན་འགོར་ན། མྱུར་དུ་རྣ་སྣ་མགྲིན་པའི་ཚན་ཁག་ཏུ་སོང་ནས་བརྟག་དཔྱད་བྱེད་དགོས།    
        སྐད་གདངས་བཀོལ་བ་ལུགས་མཐུན་མིན་ཚེ་མིད་པའི་ནད་རིགས་འབྱུང་སྲིད།
        བསྡོམས་རྩིས་བྱས་པ་ལྟར་ན། མི་རྣམས་ལ་མིད་པའི་ནད་རིགས་འབྱུང་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་དྲུག་ཡིན་ལ། དགེ་རྒན་དང་སྲིད་འཛིན་དོ་དམ་མི་སྣ། གླུ་བ་གླུ་མ། སྙན་སྒྲོན་པ། ཕྱིར་འཚོང་བྱེད་མཁན། སྣེ་ཤན་པ་སོགས་མིད་པའི་ལས་རིགས་གཉེར་བའི་མི་རྣམས་ལ་འབྱུང་ཚད་དེ་ལས་མཐོ་སྟེ་བརྒྱ་ཆའི་སུམ་ཅུ་ཡན་ལས་བརྒལ་ཡོད། སྤྱིར་བཤད་ན། རྒྱུན་པར་སྐད་ཆ་བཤད་དུས་མིད་པར་ངལ་དུབ་འབྱུང་བའི་སྣང་ཚུལ་བྱུང་ན་དེ་ནི་སྐད་གདངས་བཀོལ་བ་ལུགས་མཐུན་མིན་པས། དེ་ལ་མིད་པའི་སྐོར་གྱི་འཇིབ་སྨན་གྱིས་གོ་མི་ཆོད།
        སྐད་ཆའི་སྒྲ་འབྱིན་དབང་བོ་དེ་གློ་བ་ཡིན་པ་ལས་མིད་པ་མིན། གྲོད་ཁོག་ནས་དབུགས་གཏོང་ལེན་བྱེད་པ་གཙོ་ཡིན་པའི་བྲང་ཁོག་དང་གྲོད་ཁོག་ཟུང་འབྲེལ་སྒོས་དབུགས་གཏོང་ལེན་བྱེད་པ་དེས་གློ་བའི་ནུས་པར་ལེགས་སྒྲིག་ཆེན་པོ་བྱས་ནས། སྒྲ་འབྱིན་ནུས་པར་ཕུན་སུམ་ཚོགས་པའི་དབུགས་རྒྱུན་འདོན་སྤྲོད་བྱས་པ་རེད།  དེ་བས་ཁྱོད་ཀྱིས་ཡུན་རིང་ལ་སྐད་ཆ་བཤད་ན་རྩིབ་མའི་གནས་ཅུང་ངལ་དུབ་འབྱུང་བ་ལས་མིད་པའི་གནས་སུ་ངལ་དུབ་འབྱུང་བའི་སྣང་ཚུལ་མེད་ན། དེ་ནི་ཡང་དག་པའི་སྐད་ཆའི་སྒྲ་གདངས་བཀོལ་བའི་གཞི་རྩའི་བྱེད་ཐབས་ཁོང་དུ་ཆུད་པའི་རྟགས་རེད། རྨང་གཞི་དེའི་སྟེང་དུ་འོས་འཚམས་ཀྱིས་སྒྲ་གདངས་སྤྱད་ཚེ། བཤད་མཁན་གྱིས་བཤད་བདེ་ཞིང་ཉན་མཁན་གྱིས་ཉན་སྤྲོ་བ་ཞིག་ཡིན། ཤུགས་ཆེན་པོས་མིད་པའི་གནས་སུ་བཙིར་ནས་སྐད་གདངས་ཇེ་མཐོར་མི་གཏོང་བར། ངེས་པར་དུ་སྣ་དང་མགྲིན་པ། བྲང་ཁོག་བཅས་ནས་དབུགས་གཏོང་ལེན་བྱས་ནས་སྒྲ་གདངས་ཀྱི་མཐོ་དམན་ཐག་གཅོད་ཤེས་དགོས། དེ་ལས་གཞན། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྐད་ཆ་བཤད་དུས་ཀྱང་བཤད་སྟངས་ལ་མཉམ་འཇོག་དགོས། སྐྱེས་པའི་བུད་མེད་ཀྱི་སྒྲ་གདངས་སྤྱོད་པ་དང་བུད་མེད་ཀྱིས་སྐྱེས་པའི་སྒྲ་གདངས་སྤྱོད་པ། ཡང་ན་བྱིས་པའི་སྒྲ་གདངས་སྤྱད་ནས་སྐད་ཆ་བཤད་པ་སོགས་ཚང་མས་མིད་པར་གནོད་པ་བཟོ་སྲིད།
        སྐད་གདངས་ལ་སྦྱོང་བརྡར་བྱེད་པར་བྱེད་ཐབས་མང་པོ་ཡོད་ཅིང་མི་རང་སྟེང་ནས་བཤད་ན། ཚན་ཆུང་བགོས་ནས་སྦྱོང་བརྡར་བྱེད་པ་དང་གཞན་པས་མཛུབ་སྟོན་བྱེད་པ་བཅས་ཡོད། སྤྱིར་སྐད་གདངས་ལ་སྦྱོང་བརྡར་མ་བྱས་གོང་། བྱེ་བྲག་གི་གནས་ཚུལ་ལ་རྟོག་ཞིབ་དང་མིད་པའི་བསྐུམ་ལྷོད་ལ་ལྟ་ཞིབ། རྩིས་འཁོར་བཀོལ་ནས་སྐད་གདངས་ལ་དབྱེ་ཞིབ་བྱེད་པ། སྒྲ་གདངས་མཐོ་དམན་ལ་དབྱེ་ཞིབ་ཚད་ལེན་བྱེད་པ་སོགས་ཀྱིས་ཕྱོགས་ཡོངས་ནས་སྐད་གདངས་ཀྱི་ཁྱད་ཆོས་དང་སྐད་ཆའི་སྒྲ་གདངས་བཀོལ་སྟངས་ལ་གདེང་འཇོག་བྱེད་དགོས། དེ་ལྟར་བྱས་ཚེ་སྐད་ཆའི་སྒྲ་གདངས་བཀོལ་ཐབས་ལེགས་སྒྲིག་བཟང་པོ་བྱེད་ཐུབ།
        འདི་ནས་སྐད་གདངས་ལ་བརྟེན་ནས་ལས་རིགས་གཉེར་བའི་མི་རྣམས་ལ་གསལ་འདེབས་བྱེད་རྒྱུ་ཞིག་ཡོད་པ་ནི། སྐད་གདངས་བཀོལ་བ་དེ་ལུས་ཡོངས་ཀྱི་འགུལ་སྐྱོད་ཅིག་ཡིན་པ་ལས་མིད་པ་ཁོ་ནས་ལས་ཤིག་མིན། མིད་པའི་འཇིབ་སྨན་གྱིས་གནས་སྐབས་ཙམ་ལ་མིད་པའི་ངལ་དུབ་སེལ་ཐུབ་མོད། མིད་པའི་ནད་རིགས་རྩ་བ་ནས་ཐག་གཅོད་མི་ཐུབ། སྐད་ཆའི་སྒྲ་གདངས་བཀོལ་བ་ལུགས་མཐུན་མིན་པར་དུས་ཡུན་རིང་བོར་མིད་པ་ཐང་ཆད་པའི་གནས་ཚུལ་བྱུང་ན། མིད་པར་རྨ་མདུད་རྒྱག་པ་སོགས་ནད་རིགས་སྣ་ཚོགས་བྱུང་ནས་རང་ཉིད་ཀྱི་ལས་རིགས་འཕེལ་རྒྱས་ལའང་ཤུགས་རྐྱེན་བཟོ་སྲིད། དེ་བས་རང་ཉིད་ཀྱི་སྐད་གདངས་ཀྱི་ཆ་རྐྱེན་དང་བསྟུན་ནས་ཡང་དག་པའི་སྒྲ་གདངས་བཀོལ་སྟངས་སྤྱད་ན། མིད་པར་ངལ་དུབ་འབྱུང་མི་སྲིད།།  
(མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1