གཙོ་ངོས།>> དེང་རབས་མི་སྣ།>>རིག་གནས་སློབ་གསོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༦ཚེས་༠༩ཉིན།

༄༅།། དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས།

      དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས(祁顺来)མཆོག་ནི་1941ལོར་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་དུ་སྐྱེས།1964ལོར་མཚོ་སྔོན་མི་རིགས་སློབ་གླིང་བོད་ཀྱི་སྐད་དང་རྩོམ་རིག་སྡེ་ཁག་ནས་མཐར་ཕྱིན་རྗེས། ལོ་ངོ་40ལྷག་གི་རིང་ལ་མི་རིགས་སློབ་གསོའི་བྱ་བ་བསྒྲུབས། གཙོ་བོ《བོད་ཀྱི་གནའ་རབས་རྩོམ་རིག》དང་《ཚད་མ་རིག་པ》བཅས་ཀྱི་སློབ་ཚན་འཆད་ཁྲིད་གནང་བ་ཡིན།རིག་གཞུང་ཆེད་རྩོམ་ཐད་ནས《བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་གི་གནད་དོན་འགའ》དང་《བོད་ཀྱི་ནང་བ་སངས་རྒྱས་པའི་ཚད་མ་རིག་པ》《བོད་ཡུལ་དུ་ཚད་མ་རིག་པ་སྤེལ་ཚུལ》བཅས་དཔྱད་རྩོམ40ལྷག་སྤེལ། སྒྲིག་འགྲེལ་བྱས་ཏེ་པར་སྐྲུན་བྱས་ཡོད་པ་ལ《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》(སྟོད་ཆ་བར་ཆ་སྨད་ཆ)དེབ་གསུམ་ཡོད། དཔེ་ཆ་འདི་རྒྱལ་ནང་གི་མི་རིགས་སློབ་ཆེན་གང་མང་ཞིག་གིས་བོད་ཀྱི་གནའ་རབས་རྩོམ་རིག་སློབ་ཚན་གྱི་ཁྲིད་གཞིར་བདམས་ཡོད།1969ལོར་དཔེ་ཆ་འདིར་ནུབ་བྱང་དང་ལྷོ་ནུབ་ཀྱི་ཞིང་ཆེན་(ཁུལ)དགུའི་སློབ་གསོའི་དཔེ་དེབ་ཕུལ་བྱུང་ཅན་གྱི་བྱ་དགའ་ཨང་གཉིས་པ་ཐོབ།1993ལོར་རྒྱལ་ཡོངས་བོད་ཡིག་ཕུལ་བྱུང་དཔེ་དེབ(དཔེ་རྙིང་རིགས)ཀྱི་བྱ་དགའ་ཨང་དང་པོ་ཐོབ། སློབ་གཞིར་དཔེ་སྐྲུན་བྱས་པའི《ཚད་མ་རིག་པའི་སྤྱི་དོན་རིགས་གཞུང་རྒྱ་མཚོའི་འཇུག་ངོགས》(བོད་ཡིག)ཞེས་པའི་དཔེ་ཆ་འདིར་མཚོ་སྔོན་ཞིང་ཆེན་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་ཕུལ་བྱུང་སློབ་གཞིའི(བོད་ཡིག)བྱ་དགའ་ཨང་གཉིས་པ་ཐོབ།དཔེ་སྐྲུན་བྱས་པའི་རིག་གཞུང་ཆེད་རྩོམ《བོད་ཀྱི་ཚད་མ་རིག་པའི་རྣམ་བཤད》(རྒྱ་ཡིག)ཅེས་པའི་དཔེ་ཆ་འདི2007ལོར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡི་སྐབས་དང་པོའི་བརྒྱ་ཅན་གསུམ་གྱི་གསར་རྩོམ་དཔེ་དེབ་དཔེ་སྐྲུན་ལས་གཞིའི་ནང་བདམས།ཞིབ་འཇུག་བྱ་གཞི《བོད་ཀྱི་གནའ་རབས་རྩོམ་རིག་སློབ་ཁྲིད་ཀྱི་གསར་བཟོ་དང་ལག་ལེན》ཞེས་པར་རྒྱལ་ཡོངས་སྤྱིར་བཏང་བའི་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་སློབ་ཁྲིད་ཀྱི་གྲུབ་འབྲས་ཏེ་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ། ད་ལྟ་ཁོང་ཉིད་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་ཚད་མ་རིག་པའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་པའི་དབུ་བཞུགས་སློབ་དཔོན། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་བཞིན་པ་བཅས་ཀྱི་ཆེད་ལས་མཁས་པ་ཡིན།།

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1