གཙོ་ངོས།>> དེང་རབས་མི་སྣ།>>དམངས་ཁྲོད་མི་སྣ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༦ཚེས་༠༩ཉིན།

༄༅།།པད་མ་རིག་འཛིན།

པདྨ་རིག་འཛིན་གྱི་ཉེ་པར།
        སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་སྡེ་དམངས་རྣམས་ལ་རོགས་སྐྱོར་བྱས་ཏེ་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པའི་ན་གཞོན་ཞིག་གི་ཕུགས་བསམ།
        “བོད་ལྷམ་གྱི་ཕ་ས”ཞེས་པའི་མཛེས་པའི་མཚན་སྙན་ལྡན་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཆུ་ཁོག་ཞང་ལྕང་སྐྱ་སྡེ་བའི་བོད་ལྷམ་འཚེམ་བཟོའི་ལོ་རྒྱུས་ཧ་ཅང་རིང་ལ། ལོ་ངོ་དྲུག་བརྒྱ་ལྷག་ཡོད། ཉེ་བའི་ལོ་འགའི་རིང་ལ་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་དང་དེང་རབས་རིག་གནས་ཀྱི་ཁ་ཕྱོགས། དེ་མིན་ཀོ་བའི་རྒྱུ་ཆའི་རིན་གོང་ཇེ་མཐོར་དང་བོད་ལྷམ་འཚེམ་བཟོའི་བཟོ་རྩལ་རྙོག་འཛིང་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་བོད་ལྷམ་དེ་དེང་རབས་ཀྱི་འཚོ་བ་དང་མི་འཚམ་པར་འགྱུར་བཞིན་ཡོད་ལ། ལྕང་སྐྱ་སྡེ་བ་ཡང་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་རྣམ་པ་དང་ཁ་བྲལ་བཞིན་ཡོད་པས། གནའ་བོའི་བོད་ལྷམ་བཟོ་པའི་ལག་རྩལ་རྒྱུན་ཆད་ཉེན་འདུག

པད་མ་རིག་འཛིན་ནི་ལོ་སུམ་ཅུར་བུད་མ་ཐག་གི་བོད་རིགས་ན་གཞོན་ཞིག་རེད།

        ཁོས་མཚོ་སྔོན་དགེ་ཐོན་སློབ་གྲྭ་དང་པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན། ཁྲིན་ཏུའུ་སོགས་ས་གནས་སུ་སློབ་གཉེར་དང་གསོ་སྦྱོང་བྱས་མྱོང་། དེ་སྔོན་རེབ་གོང་ས་ཁུལ་དུ་བོད་ཟས་ཀྱི་ཚོང་གཉེར་བྱ་བ་ལོ་བདུན་ལ་སྤེལ་བ་དང་། ཁོས་གཉེར་བའི"སྦྲང་དཀར་རྩམ་པ་བོད་ཟས་ཁང"ནི་རེབ་གོང་ས་ཁུལ་གྱི་བོད་ཟས་ལས་དོན་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན་དུ་གྱུར་ཡོད། དེ་བས། པད་མ་རིག་འཛིན་གྱིས་བོད་ཟས་ཀྱི་ཚོང་ལས་ཉིན་རེར་ཇེ་བཟང་དུ་འགྲོ་སྐབས་ཚོང་ལས་བསྐྱུར་བ་རེད། ཁོས་བཤད་རྒྱུར། ང་ནི་ལྕང་སྐྱ་སྡེ་བ་ནས་སྐྱེས་པ་དང་། ལྕང་སྐྱ་སྡེ་བའི་བོད་ལྷམ་བཟོ་བའི་ལག་རྩལ་སྲུང་སྐྱོབ་དང་སླར་གསོ་བྱས་ཏེ། རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་ནི་ངའི་ལྡོག་མེད་ཀྱི་འོས་འགན་ཡིན་ཞེས་བཤད།
        ལྕང་སྐྱ་སྡེ་བར་གནའ་ནས་ད་བར་དུ་བོད་ལྷམ་བཟོ་བའི་སྲོལ་རྒྱུན་ཡོད་ལ། ཆུ་ཁོག་ཞང་ལྕང་སྐྱ་སྡེ་བའི་བོད་ལྷམ་ལ་ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ཡོད་པ་དང་། སྐད་གྲགས་ཐག་ཉེ་རིང་གང་སར་ཁྱབ་ཡོད་པའི་བོད་ལྷམ་བཟོ་མཁན་གྱི་སྡེ་བ་ཞིག་རེད། ལོ་མང་པོའི་རིང་ལ། གནས་དེའི་སྡེ་མི་རྣམས་ཀྱིས་བོད་ལྷམ་གྱི་ལག་ཤེས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། ཁོ་ཚོས་བཟོས་པའི་བོད་ལྷམ་ཧ་ཅང་མཛེས་ལ་སྟབས་བདེ་ཡིན་པ། དྲོད་འཛིན་པ། བརླན་འགོག་པ། རྒྱུ་སྤུས་བཟང་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། ལྷམ་གྱི་མགོ་མཇུག་བར་གསུམ་ཚང་མ་ལག་ལས་ཁོ་ནར་བརྟེན་བཞིན་ཡོད་པས་བོད་རིགས་མང་ཚོགས་དེ་ལ་ཧ་ཅང་དགའ། ཐོན་རྫས་དེ་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། བོད་ལྗོངས་སོགས་ཀྱི་ས་གནས་དང་དགོན་སྡེ་རུ་ཁྱབ་ཡོད།
        འོན་ཀྱང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ཚུན་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་བསམ་བློའི་འདུ་ཤེས་ཀྱི་འགྱུར་ལྡོག དེ་མིན་རྒྱུ་ཆའི་གོང་འཕར་བ་སོགས་དང་བསྟུན་ནས། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་དེ་རིམ་བཞིན་དུས་རབས་ཀྱི་རླབས་རྒྱུན་ལས་མེད་པར་གྱུར་བ་དང་། དེ་མིན་བོད་ལྷམ་གྱི་ལག་ཤེས་བཟོ་ལས་ཅུང་རྙོག་འཛིང་ཡིན་པས། སྲོལ་རྒྱུན་གྱི་བོད་ལྷམ་དེ་རིམ་བཞིན་དེང་རབས་ཀྱི་ལྷམ་རིགས་སྣ་ཚོགས་ཀྱིས་ཚབ་བྱས། སྡེ་བའི་ནང་གི་གསར་སྐྱེས་ན་གཞོན་དག་གིས་བོད་ལྷམ་ལག་རྩལ་ལ་སྔར་ལས་ཆ་རྒྱུས་མེད་པར་གྱུར་ཡོད།
        པད་མ་རིག་འཛིན་གྱིས་ང་ཚོར་བཤད་རྒྱུར། ཆུང་དུས་ནམ་རྒྱུན་ཨ་ཕ་དང་ཨ་མྱེ་གཉིས་ཀྱིས་བོད་ལྷམ་བཟོ་བ་མཐོང་ཐུབ་ལ། སྡེ་བའི་ནང་གི་མི་མང་ཆེ་ཤོས་ཀྱིས་བོད་ལྷམ་ལག་ཤེས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། སྐྱེས་པ་ཚང་མས་མཛུབ་གུའི་མདོག་སེར་པོར་གྱུར་ཡོད། རྒྱུ་མཚན་ནི་ཀོ་བའི་རྒྱུ་ཆའི་སྟེང་མདོག་བསྒྱུར་སྐབས་བགོས་པས་བཀྲུས་ན་མི་བཏག་པ་རེད། སྐབས་དེར་སྡེ་བའི་ནང་གི་སྐྱེས་པ་མང་ཆེ་ཤོས་ཀྱིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་དེ་མིན་ཉེ་འགྲམ་གྱི་བོད་ཁུལ་དུ་བོད་ལྷམ་བཟོ་བཞིན་ཡོད། རེབ་གོང་ལྕང་སྐྱའི་བོད་ལྷམ་གྱི་མིང་དེ་སྡེ་མི་རྣམས་ཀྱིས་ཐག་རིང་པོར་བརྒྱུད་པའི་ཞབས་རྗེས་དང་ལག་ཟུང་ལ་བརྟེན་ནས་གང་སར་ཁྱབ་པ་རེད། འོན་ཀྱང་། པད་མ་རིག་འཛིན་དམའ་འབྲིང་འགྲིམ་པའི་སྐབས་སུ། བོད་ལྷམ་བཟོ་བའི་མི་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་བ་དང་། ན་གཞོན་མང་པོ་ཞིག་གིས་བོད་ལྷམ་བཟོ་བ་དེ་རིན་གོང་དམའ་བ་དང་བཙོག་པ། ཐང་ཆད་པའི་ལས་ཀར་བརྩིས་ཏེ། ཕྱི་རུ་ཞོར་ལས་སུ་འགྲོ་བ་དང་དབྱར་རྩྭ་བརྐོ་རུ་འགྲོ་བཞིན་ཡོད། 
        པད་མ་རིག་འཛིན་གྱིས་སེམས་ཁྲལ་ཡོད་པའི་སྒོ་ནས་གལ་ཏེ་དུས་ཡུན་རིང་བོར་འདི་ལྟར་སོང་ཚེ། བོད་ལྷམ་རྒྱུན་ཆད་པར་ཉེན་ཁ་ཧ་ཅང་ཆེ་ཟེར།
        དེའི་ཕྱིར། 2015ལོའི་ཟླ7པར། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་སྡེ་དམངས་རྣམས་ལ་རོགས་སྐྱོར་བྱས་ཏེ་དབུལ་ཐར་ཕྱུག་བསྒྱུར་བྱ་ཆེད། པད་མ་རིག་འཛིན་དང་སྡེ་བའི་ནང་གི་བོད་ལྷམ་ལག་ཤེས་རྒྱུད་འཛིན་པ་རྣམ་རྒྱལ་གཉིས་ཀྱིས་མཉམ་དུ་མ་དངུལ་བཏང་ནས་རེབ་གོང་ས་ཁུལ་གྱི་བོད་ལྷམ་ཁེ་ལས་ཐོག་མའི་ཁེ་ལས་སྤྱི་གཉེར་ཁང་བཙུགས། ཁོའི་དམིགས་འབེན་ནི་སྤྱི་གཉེར་ཁང་གིས་འཕེལ་རྒྱས་དང་བསྟུན་ནས། ལྕང་སྐྱ་སྡེ་བའི་གནའ་བོའི་བོད་ལྷམ་བཟོ་བའི་ལག་རྩལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་ཏེ། ཉམས་རྒུད་དུ་འགྲོ་བཞིན་པའི་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཏེ་དུས་རབས་གསར་བའི་ནང་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་སྒྲོན་རྒྱུ་དེ་རེད།
        པད་མ་རིག་འཛིན་གྱི་བསམ་ཕྱོགས་དེར་སྡེ་བའི་ནང་གི་ལོ་ལོན་རྣམས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པས། སྡེ་བའི་ནང་གི་བོད་ལྷམ་བཟོ་བར་ཉམས་མྱོང་ཡོད་པ་དང་ལག་རྩལ་འཛོམས་པའི་མི50ཁོའི་སྤྱི་གཉེར་ཁང་དུ་ཡོང་བ་དང་། བོད་ལྷམ་གྱི་འཕེལ་རྒྱས་དང་རྒྱུད་འཛིན་ཐད་རང་ཉིད་ཀྱི་ནུས་པ་གང་ཡོད་འདོན་བཞིན་ཡོད། དེ་དང་ཆབས་ཅིག མང་ཚོགས་རྣམས་ཀྱིས་ཁོའི་སྤྱི་གཉེར་ཁང་ནང་དུ་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་གླ་ཆ་ངེས་ཅན་ཞིག་བླངས་ཆོག སྤྱི་གཉེར་ཁང་འཁོར་རྒྱུག་བྱས་ནས་ཟླ་གསུམ་འགོར་མེད་པའི་དུས་ཚོད་ནང་སྐོར་དང་པོའི་བོད་ལྷམ་སུམ་བརྒྱ་ཐོན་སྐྱེད་བྱས།
        པད་མ་རིག་འཛིན་གྱིས་ང་ཚོར་བོད་ལྷམ་ལས་པའི་བརྒྱུད་རིམ་གསལ་བོར་བརྗོད་བྱུང་།

        རྒྱུ་སྤུས་བཟང་བོའི་བོད་ལྷམ་བཟོ་བའི་བརྒྱུད་རིམ་ཧ་ཅང་རྙོག་འཛིང་ཆེ་ལ། རེ་བ་ཧ་ཅང་མཐོ།

        སྔོན་ལ་ཀོ་བ་ཐག་གཅོད་བྱེད་པ་ནི་འགན་ཁུར་ལྕི་ལ་ཅུང་བཙོག་པའི་བྱ་བ་ཞིག་རེད། ཉོས་ཡོང་བའི་ཀོ་བ་དྲས་ནས་རྩིད་པ་ལེན་དགོས་པ་དང་། རོང་བོ་དགུ་ཆུའི་ནང་བཞག་སྟེ་སྙི་མོར་གཏོང་དགོས་ལ། དེའི་རྗེས་རྡོ་ཐལ་དཀར་པོ་ཀོ་བའི་སྟེང་མཉེད་དེ། ཐག་པས་དམ་པོར་སྡམ་ནས་སྣོད་ཆེན་པོ་ཞིག་གི་ནང་དུ་འཇོག་དགོས། ཉིན་བཅོ་ལྔའི་རྗེས་སུ། ཆེད་དུ་ལས་པའི་ཤིང་གཞོར་གྱིས་ཀོ་བའི་སྟེང་གི་རྩིད་པ་ཚང་མ་གྲལ་དག་གིས་ལེན་དགོས་ལ། ཆུ་གཙང་མའི་ནང་དུ་བཞག་ནས་རྡོ་ཐལ་དཀར་པོ་བཀྲུ་དགོས། རིམ་པ་གཉིས་པ་ནི་ར་སྐོར་ནང་དུ་སྟབས་བདེའི་ས་ཐབ་ཞིག་ལས་ཏེ། རྩྭ་མེ་སྒྲོན་ཏེ་ཀོ་བ་རྩྭའི་སྟེང་དུ་བཞག་ནས་བསྲེགས་དགོས། དུ་བས་ཀོ་བ་མཉེད་པར་བྱེད་ཐུབ། ཀོ་བ་ཇེ་སྙི་རུ་གཏོང་ཆེད་ད་དུང་ས་གནས་ཀྱི་རིའི་སྟེང་ཚྭ་འདུས་ཚད་མཐོ་བའི་ས་ཀོ་བའི་སྟེང་ཐེངས་གསུམ་བཞི་ལ་བཏབ་རྗེས། ཀོ་བ་ཇེ་སྙི་རུ་གྱུར་ཡོད་པ་མ་ཟད་མཉེད་ཤུགས་ལྡན། དེའི་རྗེས་ནས་ཀོ་བའི་མདོག་བསྒྱུར་དགོས་པ་དང་། ཐོག་མར་ཀོ་བ་ཧྲིལ་བོ་གཅིག་དགོས་ངེས་ལྟར་ཆེ་ཆུང་མི་འདྲ་བ་དུ་མར་དྲས་ཤིང་། ཆུ་འཁྱགས་ཀྱིས་བཀྲུས་རྗེས། རང་བྱུང་གི་མེ་ཏོག་གི་ཚོན་གྱིས་ཁ་དོག་བསྒྱུར་བས་ནག་པོར་གྱུར་བ་རེད། འདི་ལྟར་ཁ་དོག་བསྒྱུར་བའི་ཀོ་བ་ནི་ནག་ཅིང་སྣུམ་ལ། ཁྲ་རིས་ཐུན་མིན་དང་རྒྱུ་བ་རྩུབ་ཤས་ཀྱི་རྣམ་པ་ལྡན།
        ཀོ་བ་ཧྲིལ་བོ་གཅིག་མཉེད་པ་དང་མདོག་བསྒྱུར་བ་སོགས་རྙོག་འཛིང་གི་བརྒྱུད་རིམ་ཚར་རྗེས། ལག་ལ་འཇམ་པ་དང་ནག་ཅིང་སྣུམ་པའི་ལྷམ་བཟོ་བའི་ཀོ་བར་གྱུར་བ་རེད། དེ་ནས་རིས་དབྱིབས་ལྟར་ཆེ་ཆུང་མི་འདྲ་བར་དྲས་རྗེས། ལྷམ་བཟོས་ཆོག་པ་རེད།
        ལྷམ་བཟོ་བ་ནི་ལག་རྩལ་ཧ་ཅང་མཐོ་བའི་ལས་ཀ་ཞིག་ཡིན་ལ། ལོ་མང་པོའི་རིང་གི་ཉམས་མྱོང་དང་ལག་རྩལ་མེད་ན། ལྷམ་ལེགས་པོ་ཞིག་བཟོ་ཐུབ་པ་མ་རེད།
        ནོར་གྱི་ཀོ་བ་དེ་ལྷམ་གྱི་ཆེ་ཆུང་ལྟར་ཞིབ་ཚགས་ཀྱི་འདྲ་དགོས་པ་དང་། དེའི་རྗེས་ར་མའི་པགས་པའི་ལས་པའི་སྐུད་པས་བཙེམ་དགོས། ལྷམ་མཐིལ་དང་ངོས་ནི་ནོར་གྱི་ཀོ་བ་ཡིན་ལ། ཀོ་བ་རིམ་པ་འགའ་རེ་རེ་བཞིན་བཙེམ་དགོས། ལྷམ་མཐིལ་དུ་ཁྱད་པར་བའི་གཞུ་ཚད་དང་བཟོ་རྩལ་དགོས་ལ། བལྟས་ན་ཡག་པ་དང་ངོས་སྙོམས་པོ་ཞིག་བཟོ་དགོས། དེ་ལྟར་བཙེམ་པར་དཀའ་ཁག་ཅུང་ཆེན་པོ་ཡོད། ལྷམ་འགྲམ་ཡང་ནོར་གྱི་ཀོ་བའི་བཙེམ་དགོས་ལ། དེ་དག་གི་ཐབས་ལམ་མི་འདྲ་ལ་ཁྱད་པར་ཆེན་པོ་ཡོད།
        ལྕང་སྐྱ་སྡེ་བའི་བཟོས་པས་བོད་ལྷམ་གྱི་བཟོ་དབྱིབས་གཞན་དང་མི་འདྲ། ཆོས་ལུགས་མི་སྣའི་གོན་པའི་ལྷམ་དང་སྡེ་མི་རྣམས་ཀྱིས་གོན་པའི་ལྷམ་ལ་ཁྱད་པར་ཡོད། ད་དུང་སྡེ་བའི་ནང་གི་སྡེ་མི་རྣམས་ཀྱིས་དབྱར་ཁར་གོན་པའི་ལྷམ་ལ་རིགས་གཉིས་ཡོད་དེ། གཅིག་ནི་ལྷམ་མཐིལ་སྲབ་པ་དང་། དེ་ནི་དགོན་སྡེའི་ཆོས་ལུགས་བྱ་འགུལ་དང་དམངས་སྲོལ་བྱ་འགུལ་གྱི་སྐབས་སུ་གོན་དགོས། གཞན་གཅིག་ནི་ལྷམ་མཐིལ་མཐུག་པོ་དེ་རེད། དེ་ནི་མང་ཚོགས་ཀྱིས་རྒྱུན་ལྡན་གོན་བཞིན་ཡོད། ད་དུང་དགུན་ཁར་གོན་པའི་འཇུར་རྟ་ཡོད་ལ། དེའི་ལྷམ་མཐིལ་སོར་མོ་བདུན་བརྒྱད་ཙམ་ཡོད་པས་ཅུང་མཐུག་པོ་ཡིན། ལྷམ་ངོས་དང་ལྷམ་འགྲམ་ཚང་མ་ཀོ་བ་རྐྱང་རྐྱང་ཡིན་ལ། གྲང་ངར་ཆེ་བའི་དགུན་ཁར་གོན་ན་ཧ་ཅང་དྲོ་བ་དང་། མཚོ་སྔོན་གྱི་དགུན་དུས་ཡུན་རིང་བས་གོན་ན་ཧ་ཅང་འཚམ།

        པད་མ་རིག་འཛིན་གྱིས་ང་ཚོར་བཤད་རྒྱུར། སྲོལ་རྒྱུན་གྱི་བོད་ལྷམ་ཞིག་བཟོ་ན་མགོ་མཇུག་ཚང་མ་ཟླ་གཅིག་ཡས་མས་ཀྱི་དུས་ཚོད་དགོས། སེམས་ཞིབ་མོས་བཟོས་པའི་བོད་ལྷམ་མིག་ལ་མཛེས་པ་དང་བདེ་བ། དྲོད་འཛིན་པ། བརླན་འགོག་པ། རྒྱུ་སྤུས་བཟང་བ་སོགས་ཀྱི་ཁྱད་ཆོས་ལྡན། ལྕང་སྐྱ་སྡེ་བའི་སྡེ་མི་རྣམས་ཀྱིས་ཁྱད་པར་བའི་ལག་རྩལ་དེ་ལ་བརྟེན་ནས། མི་རབས་ནས་མི་རབས་ལ་འཚོ་བ་རོལ་བས། སྲོལ་རྒྱུན་གྱི་རྩལ་ནུས་དུས་ད་ལྟ་ཡང་གནས་ཡོད་པ་རེད།

        ལྕང་སྐྱ་སྡེ་བའི་མི་རབས་མང་པོས་ཟློས་གར་དང་བོད་ལྷམ་བཟོ་རྩལ་གྱིས་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཙུགས་ཡོད་པས། “བོད་ཀྱི་ཟློས་གར་སྡེ་བ”དང“བོད་ལྷམ་གྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད། གནས་དེ་རུ་ཐོན་སྐྱེད་བྱེད་བཞིན་པའི་བོད་ལྷམ་དེ་ཉེ་འགྲམ་གྱི་རོང་འབྲོག་ཁུལ་གྱི་བོད་ལྷམ་ཐོན་རྫས་ཀྱི་འབྱུང་ཁུངས་ཡིན་ལ། ས་གནས་ཀྱི་སྡེ་མི་རྣམས་ཀྱི་འཚོ་རྟེན་ཙམ་ཡང་རེད། འདས་ཟིན་པའི་ལོ་ཟླའི་ནང་སྟོན་བསྡུས་ཚར་རྗེས། སྡེ་བའི་ནང་གི་ཁྱིམ་ཚང་མང་ཆེ་ཤོས་ཀྱིས་བོད་ལྷམ་བཟོ་བཞིན་ཡོད། དགུན་ཚུགས་རྗེས། སྡེ་བའི་ནང་གི་རྒན་པ་རྣམས་ཀྱིས་ཚོགས་ཁག་བསྒྲིགས་ནས་ཉེ་འགྲམ་གྱི་ས་ཁུལ་དུ་བོད་ལྷམ་ཕྱིར་བཙོང་བྱེད་དུ་སོང་ནས་ཡོང་སྒོ་བཙལ་བཞིན་ཡོད།
        གསར་འགོད་པས་ལྕང་སྐྱ་སྡེ་བ་ནས་བོད་ལྷམ་བཟོ་བའི་རྒན་པོ་གཉིས་བཙལ།  ལོ་དོན་གཉིས་ཡིན་པའི་བགྲེས་པོ་མཆོད་རྟེན་ནི་སྡེ་བའི་ནང་གི་བོད་ལྷམ་བཟོ་མཁན་ཆེས་བཟང་བོ་ཡིན་ལ། ལོ་ངོ་ལྔ་བཅུའི་རིང་བོད་ལྷམ་བཟོས་པས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་། མི་ཚེ་གང་བོར་རྩིས་མི་ཚར་བའི་བོད་ལྷམ་བཟོས་མྱོང་། བགྲེས་པོ་མཆོད་རྟེན་གྱིས་སྡེ་བའི་ནང་དུ་སློབ་མ་བསྡུས་ནས། ཁོ་ཚོར་བོད་ལྷམ་བཟོ་བའི་ལག་རྩལ་སློབ་ཏུ་བཅུག བགྲེས་པོའི་བུ་གཉིས་ཀྱིས་ཀྱང་བོད་ལྷམ་ལས་ཤེས། ཁོས་མི་ཚེ་གང་བོར་བོད་ལྷམ་བཟོས་པས། བོད་ལྷམ་བཟོ་རྒྱུར་བརྩེ་བ་ཟབ་མོ་ཡོད་ལ། ཁོས་གསར་འགོད་པར་བཤད་རྒྱུར། བོད་ལྷམ་གྱི་ལག་རྩལ་ཁྱད་པར་བ་ཡིན་ལ། མི་རབས་ནས་མི་རབས་རྒྱུད་ཡོང་བའི་ལག་ཤེས་ཤིག་ཡིན་པས། བོད་རིགས་མི་དམངས་རྣམས་རྩལ་ནུས་དེ་བརྩེ་བ་ཟབ་མོ་ཡོད་ཟེར། 
        བགྲེས་པོ་མཆོད་རྟེན་དང་འབྲེལ་བ་ཆེས་བཟང་བོའི་ལོ་རེ་བདུན་ཅན་གྱི་བགྲེས་པོ་དབང་རྒྱལ་ནི་ཁོའི་ལས་གྲོགས་ཡིན་ལ། ཆུང་དུས་ཁོ་གཉིས་གྱིས་དུས་རྒྱུན་མཉམ་འབྲེལ་བྱས་ཏེ་ཕྱི་རུ་བོད་ལྷམ་བཙོང་དུ་འགྲོ་བཞིན་ཡོད། ལོ་གཅིག་ལ་ཁོ་གཉིས་མཉམ་དུ་ཞིན་ཧེ་རྫོང་གི་སྡེ་བ་ཞིག་ཏུ་སོང་ནས། ལོ་གཅིག་ལ་བོད་ལྷམ་སྟོང་ཙམ་བཟོས།

        བགྲེས་པོ་དབང་རྒྱལ་གྱིས་བཤད་རྒྱུར། ང་ཚོ་བོད་རིགས་མི་དམངས་ལ་བོད་ལྷམ་གོན་པའི་སྲོལ་ཡོད་ལ། བོད་ལྷམ་གྱི་རྣམ་པ་ཁྱད་པར་བ་ཡིན་པས། གཡས་གཡོན་བརྗེས་ནས་གོན་ཆོག་པ་དང་། ཕོ་མོའི་དབྱེ་བ་མི་བགར་བས། མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཟེར།

        “དེ་སྔོན་མཚོ་སྔོན་དང་ཀན་སུའུ་སོགས་ས་ཁུལ་གྱི་འབྲོག་པ་མང་ཚོགས་དང་བོད་ཁུལ་གྱི་དགོན་སྡེའི་མི་མང་ཆེ་ཤོས་ཀྱིས་ང་ཚོས་བཟོས་པའི་བོད་ལྷམ་མངག་ཉོ་བྱེད་བཞིན་ཡོད། མངག་ཉོ་བྱེད་མཁན་མང་བས་ལོ་གཅིག་གི་ནང་ཡོངས་འགྲུབ་བྱས་མི་ཚར། ད་ལྟ་མངག་ཉོ་བྱེད་པ་ནི་བྱ་འགུལ་སོགས་སྤེལ་བའི་སྐབས་སུ་གོན་པའི་ལྷམ་རེད།”བགྲེས་པོ་དབང་རྒྱལ་གྱིས་ཁོས་མི་ཚེ་གང་བོར་བོད་ལྷམ་བཟོ་བའི་ཡོ་བྱད་དག་འཁྱེར་ཡོང་ནས་གསར་འགོད་པར་བསྟན་པ་དང་། ལག་ཆ་འཇོག་སའི་སྒམ་ནང་དུ་འབིག་དང་གཙོད་ར། འཚེམ་གྲི གཙོ་སྐུད། ནོར་གནག་གི་རྭ་ཅོ་སོགས་མིང་མི་ཤེས་པའི་ཡོ་བྱད་མང་པོ་ཡོད། ལྷམ་བཟོ་བྱེད་དེ་དག་ཁོས་མི་ཚེ་གང་བོར་བཀོལ་སྤྱོད་བྱས་ལ། ད་ལྟ་དེ་སྔོན་གྱི་བོད་ལྷམ་བཟོ་བའི་ལག་རྩལ་ལ་ཕྱིར་དྲན་མ་གཏོགས་བྱེད་མི་ཐུབ་པས། བགྲེས་པོའི་བློ་ཕམ་བཞིན་ཡོད།
        འདས་པའི་ལོ་རབས་དེ་དག་ཏུ་བོད་ལྷམ་ནི་རོང་འབྲོག་ཁུལ་བོད་རིགས་མི་དམངས་ལ་མེད་དུ་མི་རུང་བའི་སྤྱོད་དམིགས་དངོས་པོ་རེད། བཟོ་རྩལ་ཞིབ་ཆ་ལྡན་པ་དང་མིག་ལ་མཛེས་པ། དྲོད་འཛིན་པ། རྒྱུ་སྤུས་བཟང་བ་སོགས་ཀྱི་ཁྱད་ཆོས་ལྡན། རྣམ་པ་སྣ་ཚོགས་ཡོད་ལ་གཡས་གཡོན་བརྗེས་ནས་གོན་ཆོག་པ་དང་། མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན། པད་མ་རིག་འཛིན་གྱིས་བཤད་རྒྱུར། ད་ལྟའི་ལྕང་སྐྱའི་བོད་ལྷམ་གྱིས་དེ་སྔོན་གྱི་གཟི་བརྗིད་དེ་དག་ལ་ཕྱིར་དྲན་བྱས་ན་ངོ་གནོང་དགོས་པའི་གནས་སུ་ལྷུང་ཡོད་ཟེར།
        མིག་སྔར། རེབ་གོང་ས་ཁུལ་གྱི་ཚོང་ར་དང་དགོན་པར་བོད་ལྷམ་གྱི་དགོས་མཁོ་སྔར་བཞིན་ཆེ་རུང་། འོན་ཀྱང་། བོད་ལྷམ་བཟོ་ཤེས་པའི་མི་ཇེ་ཉུང་ནས་ཇེ་ཉུང་ཡིན་པས། ལོ་ངོ་བརྒྱ་ཕྲག་འགའ་བརྒྱུད་ཡོང་བའི་བཟོ་རྩལ་འདི་ལྟར་དོར་མི་རུང་ལ། སྙིང་སྟོབས་ཆེ་བའི་པད་མ་རིག་འཛིན་གྱིས་སེམས་ཐག་བཅད་ནས་བྱ་བ་དེ་དང་ལེན་བྱས་པ་དང་། མ་འོངས་བར་བོད་ལྷམ་གྱི་ལག་རྩལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་རྒྱུ་རེད། །


(རྨ་ལྷོ་བོད་ཡིག་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས། )
 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1