གོ་ལ་ཡོངས་ཀྱི་ཡུལ་གྱར་སྐྱབས་བཅོལ་བའི་མི་གྲངས་ཁྲི་6560ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-22


        འཛམ་གླིང་གི་སྐྱབས་བཅོལ་བའི་ཉིན་མོར་སླེབས་ཉེ་བའི་དུས་འདིར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཁང་གིས་ཟླ་6ཚེས་19ཉིན་སྙན་ཞུ་སྤེལ་ནས། 2016ལོའི་ལོ་མཇུག་བར་དུ་གོ་ལ་ཡོངས་སུ་སྐྱབས་བཅོལ་བ་དང་རྒྱལ་ནང་གི་ཡུལ་གྱར་བའི་མི་གྲངས་ཁྲི་6560ཟིན་འདུག་པ་དང་། གྲངས་ཀ་འདི་ནི་སྔར་ན་མེད་པ་ཞིག་ཡིན་ལ་དབྱིན་ཇིའི་རྒྱལ་ཁབ་ཡོངས་ལྟ་བུ་ཞིག་དང་ཡང་ན་འཛམ་གླིང་གི་མི་གྲངས་113ནང་མི་གཅིག་ཡུར་གྱར་བའམ་སྐྱབས་བཅོལ་བར་གྱུར་ཡོད་པ་མཚོན་པ་རེད་ཟེར།
     《2016ལོའི་ཡུར་གྱར་བར་གྱུར་པའི་འཛམ་གླིང་གི་འཕེལ་ཕྱོགས་》ཞེས་པའི་སྙན་ཞུ་འདིའི་ནང་འཁོད་པ་ལྟར་ན། 2016ལོའི་ལོ་མཇུག་བར་དུ་གོ་ལ་ཡོངས་སུ་སྐྱབས་བཅོལ་བའི་མི་གྲངས་ཁྲི་2250ཟིན་ལ་རྒྱལ་ནང་གི་ཡུལ་གྱར་བའི་མི་གྲངས་ཁྲི་4030ཟིན་པ་དང་། གཞན་ཡང་ད་དུང་མི་གྲངས་ཁྲི་280ལ་ཉེ་བ་ཙམ་གྱིས་རྒྱལ་ཁབ་གཞན་གྱི་འགེབས་སྲུང་ཡོང་རེ་ཞུ་སྒང་ཡིན་ལུགས་གླེང་།
     སྙན་ཞུ་འདི་གཞིར་བཟུང་ཚེ། 2016ལོར་གོ་ལ་ཡོངས་སུ་ཡུལ་གྱར་བའི་གནད་དོན་ཚབས་ཆེ་ཤོས་ནི་སི་རེ་ཡ་རྒྱལ་ཁབ་(Syria)ཡིན་པ་དང་། དེའི་འཕྲོར་ཁོ་ལུམ་པུའུ་(Columbia)དང་ཨ་ཧྥི་ཀ་ནི་སི་ཐན་(Afghanistan) དབྱི་རག་(Iraq)བཅས་ཡིན་པ་རེད། དེའི་ནང་སི་རེ་ཡ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་བའི་མི་གྲངས་ཁྲི་550དང་རྒྱལ་ནང་གི་ཡུལ་གྱར་བའི་མི་གྲངས་ཁྲི་650ཟིན་པ་རེད། གཉིས་ཀ་བསྣན་ཚེ་མི་ཁྲི་1200ཡོད་པ་དང་རྒྱལ་ཡོངས་ཀྱི་མི་གྲངས་ཁྲོད་སུམ་ཆའི་གཉིས་ཟིན་པ་རེད།
     སྙན་ཞུར་བསྟན་དོན། 2016ལོར་གོ་ལ་ཡོངས་སུ་གསར་དུ་བསྣན་པའི་རྒྱལ་ནང་གི་ཡུལ་གྱར་བ་དང་སྐྱབས་བཅོལ་བའི་མི་གྲངས་བསྡོམས་ན་ཁྲི་1070ཡོད་པ་དང་། དེས་སྐར་ཆ་གསུམ་རེའི་ནང་མི་གཅིག་རེ་བཙན་གྱིས་རང་གི་ཁྱིམ་གཞིས་དང་འབྲལ་དགོས་པ་མཚོན་ཡོད་ཟེར། 
     སྙན་ཞུར། 2016ལོའི་ལོ་མཇུག་བར་དུ། གོ་ལ་ཡོངས་ཀྱི་སྐྱབས་བཅོལ་བ་84%ནི་འབྱོར་འབྲིང་དང་འབྱོར་འབྲིང་མན་གྱི་རྒྱལ་ཁབ་དུ་འཚོ་བ་སྐྱེལ་བཞིན་ཡོད་ལ། དེའི་ནང་གི་སུམ་ཆ་གཅིག་ཙམ་འབྱོར་བ་དམན་པའི་རྒྱལ་ཁབ་ཀྱིས་བསྡུ་ལེན་བྱས་ཡོད་པ་རེད་ཟེར།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལས་དོན་གྱི་མཐོ་རིམ་དོན་གཅོད་པ་ཧྥེ་ལི་ཕོ་གྷི་རན་དྷེ་(Filippo Grandi)ཡིས། ཆེས་དོ་སྣང་བྱེད་འོས་པའི་གནད་དོན་ནི་གོ་ལ་ཡོངས་ཀྱི་ཡུལ་གྱར་བ་དང་སྐྱབས་བཅོལ་བའི་བསྡོམས་གྲངས་ཇེ་ཉུང་དུ་འགྲོ་གིན་མེད་པར་མ་ཟད། དེ་ལས་ལྡོག་སྟེ་འཕར་བཞིན་པ་དེ་ཡིན་པ་དང་། དེས་གཞི་ཁྱོན་ཆེ་བའི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་ཐུབ་མེད་པ་མཚོན་ཡོད་ལ་དུས་མཚུངས་སུ་གནད་དོན་འདི་སྔོན་འགོག་དང་ཐག་གཅོད་བྱེད་པའི་འཚུབ་ཆ་དང་གལ་ཆེའི་རང་བཞིན་ཡང་མངོན་ཡོད་པ་བསྟན་ཡོད་ཟེར།
     《ཡུར་གྱར་བར་གྱུར་པའི་གནད་དོན་གྱི་འཛམ་གླིང་གི་འཕེལ་ཕྱོགས་》ཅེས་པའི་སྙན་ཞུ་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཁང་གིས་ཡུལ་གྱར་བའི་གནད་དོན་ལ་གཏད་པའི་ལོ་རེའི་དཔྱད་ཞིབ་སྙན་ཞུ་ཡིན་ལ། སྐྱབས་བཅོལ་ཁང་གིས་2016ལོའི་སྙན་ཞུ་འདིར་བསྟན་དོན། འདས་པའི་ལོ་ལྔའི་རིང་ལ་གོ་ལ་ཡོངས་ཀྱི་ཡུལ་གྱར་བ་དང་སྐྱབས་བཅོལ་བའི་གནད་དོན་ཛ་དྲག་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ནི་འགལ་བའི་གདོང་ཐུག་གི་དུས་ཡུན་རིང་བ་དང་། འགལ་བ་གསར་པ་བསྟུད་མར་འབྱུང་གིན་ཡོད་པ། ཆབ་སྲིད་ཀྱིས་འགལ་བ་དུས་ཐོག་དུ་ཐག་གཅོད་མ་ཐུབ་པ་བཅས་ཀྱི་དབང་གིས་ཡིན་པ་རེད་ཟེར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1