༄༅།། མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་བླ་བྲང་གི་ཐམ་ག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-26


        བླ་བྲང་ནི་བླ་མ་ཆེ་ཁག་གི་བཞུགས་གནས་ཡིན་པ་མ་ཟད། ཁོང་ཚོ་སྒེར་གྱི་རྒྱུ་ནོར་དོ་དམ་བྱེད་པའི་ལས་ཁུངས་ལྟ་བུའང་ཡིན། བོད་ལྗོངས་སུ་རྒྱལ་བ་པཎ་ཆེན་ཕུད་པའི་བླ་མ་ཆེན་པོ་དང་། དགོན་པ་ཆེ་ཁག་གི་ཚོགས་ཆེན་ཞལ་ངོ་དང་། མཁན་པོ། གྲྭ་ཚང་གི་བླ་མ་སོགས་ཚང་མ་ལ་རང་རང་གི་བླ་བྲང་ཡོད། བླ་བྲང་གི་ཆེ་ཆུང་ཡང་བླ་མའི་མཚན་ཐོབ་ཀྱི་མཐོ་དམའ་ལྟར་མི་འདྲ་ཞིང་། རྒྱུ་ནོར་དང་ཡོང་འབབ་སོགས་ཀྱང་མི་འདྲ་མོད། ཚང་མ་བླ་མའི་བཀའ་མངགས་བཞིན་ཆེད་མངགས་མི་སྣས་དོ་དམ་བྱེད་ཅིང་།དགོན་པའི་རྒྱུ་ནོར་ལས་ལོགས་སུ་ཡོད། བླ་བྲང་གིས་གཞན་དང་འབྲེལ་འདྲིས་བྱེད་སྐབས་གན་རྒྱ་དང་ཡིག་ཆ།ཡང་ན་འགྲོ་འོང་གི་རྩིས་ཁྲ། ཞིབ་ཐོ་སོགས་གང་ཡིན་རུང་བླ་བྲང་གི་ཐམ་ག་རྒྱག་དགོས།ཐམ་ག་འདི་རིགས་བཏབ་པའི་གྲངས་ནི་ཀྲུང་དབྱང་གི་སྲིད་གཞུང་རིམ་པས་གནང་བའི་གཞུང་ཐམ་བཏབ་པ་ལས་ལྡབ་འགྱུར་གྱིས་མང་།
བླ་བྲང་བཙུགས་པ་དང་དེའི་བྱེད་ནུས།
        བླ་བྲང་བོད་ལ་ཐོག་མར་བྱུང་བའི་དུས་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པ་རུ་ངོས་བཟུང་ཆོག་ཅིང་དང་པོ་ནི་ས་སྐྱ་བར་བྱུང་པ་ཡིན། སྤྱི་ལོ1265ལོར་འགྲོ་མགོན་འཕགས་པ་གོང་མའི་བཀའ་བཞིན་བོད་དུ་ལོག་རྗེས། ས་སྐྱའི་ཁྲི་བཟུང་ཞིང་། ཆོས་རྒྱལ་གྱི་མཚན་བཞེས་ནས་བོད་ཀྱི་ཆོས་སྲིད་བསྐྱངས། ཁོང་གིས་བོད་ཀྱི་དཔོན་གནས་རིམ་པ་བསྐྱར་དུ་བསྒྲིགས་ཤིང་། ས་སྐྱའི་དཔོན་ཆེན་བསྐོ་བའི་སྲོལ་ཕྱེ། དཔོན་ཆེན་གྱི་འོག་ཏུ་དཔོན་གནས་རིམ་པ་བཅུ་གསུམ་བསྐོས་པ་དང་། དེ་ལ་མིའི་དབང་བོ་ཞིག་ལ་ཡོད་འོས་པའི་འཁོར་བཅུ་གསུམ་ཞེས་འབོད། ཕྱིས་སུ་ས་སྐྱ་གོང་མ་ཀུན་དགའ་བཟང་བོ་ཡིས་རིན་ཆེན་སྒང་བླ་བྲང་དང་། ལྷ་ཁང་བླ་བྲང་གཉིས་བཙུགས་པ་དང་། འདི་ནི་བླ་བྲང་བྱུང་བའི་ཐོག་མ་ཡིན། ལམ་ལུགས་འདི་ཕྱིས་སུ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གཞན་པས་ཀྱང་དཔེ་རུ་བལྟས་ཡོད་ཅིང་། རྒྱལ་དབང་ལྔ་བའི་སྐབས་སུ་དར་རྒྱས་བཏང་ནས། བོད་སྡེ་བ་གཞུང་དང་དགེ་ལུགས་པའི་སྡེ་རུ་བེད་སྤྱོད་མང་པོ་བཏང་། བླ་བྲང་མང་ཤོས་ནི་བླ་མ་རང་ཁོངས་ཀྱི་དགོན་སྡེ་སོགས་སུ་བཙུགས་ཡོད་ཅིང་། ལྷག་པར་དུ་བླ་མ་ཆེ་ཤོས་སྟེ་དཔེར་ན་དགེ་ལུགས་པའི་བླ་མ་ཆེན་པོ་རྭ་སྒྲེང་ཧོ་ཐོག་ཐུ་དང་སྟག་བྲག་རིན་པོ་ཆེ། ཚེ་སྨོན་གླིང་། དེ་མོ་ཧོ་ཐོག་ཐུ།ཀུན་བདེ་གླིང་སོགས་ལ་རང་ཁོངས་དགོན་སྡེ་རུ་བླ་བྲང་ཡོད་པ་མ་ཟད། ལྷ་ས་རུའང་བླ་བྲང་ཡོད། དེའང་ཁོང་ཅག་གིས་སྔར་བོད་ཀྱི་རྒྱལ་ཚབ་ཀྱི་ཐུགས་འགན་བཞེས་མྱོང་བ་དང་འབྲེལ་བ་ངེས་ཅན་ཡོད། བླ་བྲང་གི་དཔལ་འབྱོར་འགྲོ་འོང་ནི་རང་ཚུགས་ཡིན་ཞིང་དགོན་པ་ལ་མི་དབང་། དེ་དག་ལ་རང་གི་ཆོས་གཞིས་དང་། མི་རྩ། གཞིས་འབྲོག་སོགས་རྒྱུ་ནོར་གཏན་འཇགས་ཡོད་པ་མ་ཟད། གུས་རྫས་དང་འབུལ་རྟེན་ཕོན་ཆེན་པོ་ཡོད་པ་རྣམས། བླ་མ་རང་ཉིད་ཞལ་བཞུགས་དུས་བླ་མ་སྒེར་གྱི་རྒྱུ་ནོར་ཡིན་མོད། སྐུ་གཤེགས་རྗེས་ཁོང་གི་ནང་མིར་དབང་བ་མ་ཡིན་པར་སྐུ་ཕྲེང་རྗེས་མ་ལ་འཇོག་དགོས། འདི་ནི་དགེ་ལུགས་པའི་བླ་རབས་སྐུ་ཕྲེང་དང་མཐུན་པར་གསར་དུ་བཏོད་པའི་ནོར་སྐལ་རྒྱུད་འཛིན་གྱི་ཐབས་ཤིག་ཡིན། ས་སྐྱ་བ་ནི་མི་རྒྱུད་དུ་བདག་པའི་ལམ་སྲོལ་ཡིན་པས། ནོར་སྐལ་ཁྱིམ་རྒྱུད་འཛིན་མཁན་ལ་དབང་། འདིའང་ས་སྐྱ་བའི་ཁྱད་ཆོས་ཤིག་ཡིན། རྩོམ་པ་པོས་རང་གིས་ཉར་ཚགས་བྱས་པའི་བོད་ཐམ་ལས་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་བླ་བྲང་གི་ཐམ་ག་གསུམ་བདམས་ནས་དེ་ལ་དབྱེ་ཞིབ་གཏིང་ཟབ་མོ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་མི་འདྲ་བའི་དགོན་པ་ཁག་ཏུ་བླ་མ་ཆེ་ཁག་གིས་བླ་བྲང་བཙུགས་པ་དང་། བླ་མ་ཆེ་ཁག་གི་སྐྱེ་ཕྲེང་མ་ལག་གྲུབ་པ། དེ་དག་གི་རྒྱུད་འཛིན་གྱི་འབྲེལ་བ་སོགས་ངོས་མི་འདྲ་བ་ནས་རྒྱུས་ལོན་པར་འབད་ཡོད།
ཆིང་གི་སྐབས་ཀྱི་སེ་རའི་དགེ་འཕེལ་བླ་བྲང་གི་ཐམ་ག

        ཐམ་ག་འདིའི་ཐམ་ཡུ་ནི་ལྕགས་ཐམ་སྒོར་མོ་ནོར་བུའི་དབྱིབས་ཅན་ཞིག་ཡིན་ལ། མཐོ་ཚད་ལ་ལི་རྨིད5.5དང་། ཚངས་ཐིག་ལ་ལི་རྨིད2.0ཡོད། ཐམ་གའི་ངོས་ཀྱི་གོང་ལ་ཉི་ཟླ་དང་། ཕྱོགས་བཞི་ལ་བོད་ཡིག་དབུ་ཅན་གྱིས་དགེ་འཕེལ་བླ་བྲང་ཞེས་བརྐོས། ཐམ་གའི་ངོས་ཀྱི་དཀྱིལ་ལ་སེ་ཞེས་པའི་ཡིག་འབྲུ་གཅིག་ཡོད་ཅིང་། སེ་ར་དགོན་པའི་བསྡུས་མིང་དུ་མངོན། སེ་ར་ནི་དབུས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཁག་སྟེ། སེ་འབྲས་དགེ་གསུམ་གྱི་ཡ་གྱལ་ཡིན། འདི་དག་ནི་དགེ་ལུགས་པའི་དགོན་སྡེ་ཀུན་གྱི་མ་དགོན་ལྟ་བུ་ཡིན་པས་ལོ་རྒྱུས་སུ་གདན་ས་ཆེན་པོ་གསུམ་ཞེས་འབོད་སྲོལ་ཡོད། སྤྱིར་བཏང་སེ་འབྲས་དགེ་གསུམ་ཞེས་འབོད་པའང་དགོན་སྡེ་དེ་དག་གི་མིང་གི་ཐོག་མ་བསྡུས་པ་ཡིན། ཐམ་གའི་ངོས་ཀྱི་དགེ་འཕེལ་བླ་བྲང་ལས་དགེ་འཕེལ་ཞེས་པ་ནི་བླ་མའི་མཚན་ཡིན་ལ། བླ་བྲང་ནི་བླ་མ་གང་དེའི་སྐྱེ་ཕྲེང་ཀུན་གྱི་དེང་གི་ཁྲིམས་མི་ལྟ་བུ་ཞིག་ལ་ངོས་བཟུང་ཆོག་སྟེ། བླ་མ་གང་དེར་སྔར་དབང་བའི་རྒྱུ་ནོར་ཀུན་བླ་བྲང་གིས་བདག་གཉེར་བྱེད།བླ་བྲང་དུ་གྲྭ་པ་དབང་ཆ་ཆེ་ཤོས་ནི་ཕྱག་མཛོད་ཡིན་ལ། དེས་བླ་བྲང་གི་དཔལ་འབྱོར་གཏོང་ལེན་གྱི་དབང་ཆ་དང་། སྤྲུལ་སྐུ་ལ་བདག་སྐྱོང་གི་འགན་ཁུར། ཐམ་ག་འདི་ནི་སེ་རའི་དགེ་འཕེལ་བླ་བྲང་གི་ཐམ་ག་ཡིན་ཞིང་། ཐམ་གའི་བརྐོས་རིས་དང་ཡི་གེ་སོགས་ལས་འདི་ནི་ཆིང་གི་དུས་དཀྱིལ་ཙམ་ལ་བླུག་བཟོ་གྲུབ་པ་དང་། ད་ལྟའི་བར་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ཉམས་ཞིབ་ལས་དཔག་ཐུབ།

མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་བླ་བྲང་གི་ཐམ་ག
ཆིང་གི་དུས་སྐབས་ཀྱི་བཀའ་བརྒྱུད་པའི་སྡིངས་པོ་ཆེ་བླ་བྲང་གི་གཞུང་ཐམ། 
        ཐམ་ག་འདིའི་ཐམ་ཡུ་ནི་ནོར་བུའི་དབྱིབས་སུ་བྱས་པའི་ལྕགས་ཐམ་གྲུ་བཞི་དངུལ་གྱིས་ཤན་པ་ཞིག་ཡིན་ཞིང་། ལམ་ཡུའི་རྐེད་ལ་གསེར་དཀྲིས་བརྒྱབས་པ་དང་། སྔར་གྱི་ཐམ་ལུང་ཤྭ་པགས་ཀྱི་རྒྱུན་བུ་བཏགས་ཡོད། ཐམ་ཡུའི་ངོས་གཅིག་ལ་ཆུ་འབྲུག་གསར་བཟོ་ཞེས་བརྐོས་ཡོད།ཐམ་ག་དེའི་ངོས་ཀྱི་གྲུ་ཀའི་རིང་ཚད་ལ་ལི་རྨིད2.3×2.3ཡོད་ཅིང་།ཐམ་ངོས་ལ་བོད་ཡིག་གིས་སྡིངས་ཆེན་བླ་སྤྱི་ཐམ་ཞེས་བརྐོས་ཡོད་པ་ནི་རྒྱས་པར་བཀྲལ་ན་སྡིངས་པོ་ཆེ་དགོན་པའི་བླ་བྲང་གི་སྤྱི་ཐམ་ཞེས་པ་རེད།
        སྡིངས་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་པ་ལས་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་ཡིན་ཞིང་། སེམས་དཔའ་རིན་ཆེན་དཔལ་བཟང(1529-1611)གིས་སྤྱི་ལོ1567ལོར་ཕྱག་བཏབ། ད་བར་དུ་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཅིང་། དགོན་བདག་ནི་ལྕོག་གྲྭ་རིན་པོ་ཆེ་དང་གཅུང་རིན་པོ་ཆེ་གཉིས་ཡིན། དེ་རུ་ལྕོག་གྲྭ་དང་གཅུང་རིན་པོ་ཆེ་གཉིས་ཡིན། དེ་རུ་ལྕོག་གྲྭ་དང་གཅུང་རིན་པོ་ཆེ་གཉིས་ཀྱི་ནང་ཆེན་ཡོད་ཅིང་། ཤག་ཚང་གི་གཞི་རྒྱ་ཆེ་ཙམ་ཡོད་པ་རིག་གསར་སྐབས་སུ་བཤིགས། ལྕོག་གྲྭ་སྐུ་ཕྲེང་རིམ་བྱོན་ནི་སེམས་དཔའ་རིན་ཆེན་དཔལ་བཟང་ནས་བཟུང་ད་ལྟའི་ངག་དབང་བསྟན་འཛིན་ཆོས་ཀྱི་སེང་གེ(1945-)བར་དུ་སྐུ་ཕྲེང་བརྒྱད་བྱོན། གཅུང་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནི་སྐལ་བཟང་འཇིགས་མེད་བསྟན་འཛིན(1742-1782)ཡིན། དུས་རབས་བཅོ་བརྒྱད་པའི་འགོ་རུ་ཇུན་གར་གྱི་དཔུང་གིས་བོད་ཡུལ་ཟང་ཟིང་དུ་བཟོ་སྐབས་སྡིངས་བོ་ཆེ་ལ་ཉམས་ཆག་ངེས་ཅན་ཕྱིན་ཡོད་ཅིང་། སྐལ་བཟང་འཇིགས་མེད་བསྟན་འཛིན་ལགས་ཀྱིས་ཉམས་གསོ་མཛད་པས། དེ་ནས་བཟུང་སྡིངས་པོ་ཆེ་ལ་ལྕོག་གྲྭ་དང་གཅུང་རིན་པོ་ཆེ་ཞེས་བླ་མ་གཉིས་བྱུང་ཞིང་། དགོན་པའང་འདི་གཉིས་ཀྱིས་སྐྱོང་བའི་སྲོལ་བྱུང་། སྐལ་བཟང་འཇིགས་མེད་བསྟན་འཛིན་ནས་ཆོས་ཀྱི་ཉི་མའི(1946-1976)བར་ལ་གཅུང་རིན་པོ་ཆེ་སྐུ་ཕྲེང་ལྔ་བྱུང་། སྡིངས་པོ་ཆེའི་གཞན་དང་མི་མཐུན་པའི་ཁྱད་ཆོས་ཤིག་ནི་རྡོ་བརྐོས་ཀྱི་སྐུ་བརྙན་ཡིན་ཞིང་། སྐུ་གཟུགས་མི་འདྲ་བ་ཁྱོན་བསྡོམས་སྟོང་ལྷག་ཡོད་པ་དང་། དགོན་པ་རུ་ད་དུང་བོད་སོག་བལ་སོགས་ཡི་གེ་སྣ་ཚོགས་ཀྱིས་བྲིས་པའི་རྡོ་རིང་རིན་ཐང་བྲལ་བ། གཞན་གྱིས་དོ་ཟླ་བྲལ་བ་མང་པོ་ཡོད།གཞན་ཡང་ལྕོག་གྲྭ་སྐུ་ཕྲེང་གསུམ་པ(1684-1739)ནི་གསོ་དཔྱད་ལ་ཤིན་ཏུ་མཁས་ཤིང་། མུ་ཏིག་བདུན་ཅུའང་ཁོང་གིས་ཐོག་མར་བཟོས་པར་གྲགས། ཐམ་ག་འདིའི་ཐམ་ཡུ་རུ་ཆུ་འབྲུག་གསར་བཟོ་ཞེས་བྲིས་ཡོད་པར་དཔག་ན། འདི་ནི་བོད་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ལོ་སྟེ། སྤྱི་ལོ1772ཡིན་པ་ཐག་ཆོད། འདི་ནི་ལྕོག་གྲྭ་སྐུ་ཕྲེང་བཞི་བ་མི་ཕམ་རྣམ་རྒྱལ(1742-1796)དང་། གཅུང་རིན་པོ་ཆེ་སྐུ་ཕྲེང་དང་པོ་སྐལ་བཟང་འཇིགས་མེད་བསྟན་འཛིན་ཀྱི་སྐབས་ལ་ཁེལ་ཞིང་། ཕྱི་མ་ཉིད་དགུང་ལོ་སུམ་ཅུའི་སྐབས་ཡིན། ཁོང་གིས་སྡིངས་པོ་ཆེ་དགོན་པ་ཉམས་གསོ་བྱས་ཤིང་དེ་ནས་བཟུང་བླ་བྲང་ཁག་གཉིས་བྱུང་། བླ་བྲང་གི་སྤྱི་ཐམ་འདི་ནི་གཞན་དང་འགྲོ་འོང་སྐབས་སྤྱོད་པའི་སྤྱི་ཐམ་རིམ་པ་མཐོ་ཤོས་ཡིན་པ་ཤེས་ཐུབ།ཐམ་ག་འདི་ནི་ཆིང་གི་དུས་དཀྱིལ་ལ་བརྐོས་པ་དང་།ད་ལྟའི་བར་ལོ220ཕྱིན་ཡོད།
མིང་གི་དུས་སྐབས་ཀྱི་བདེ་བ་ཅན་དགོན་པའི་བླ་བྲང་གི་ཐམ་ག
        ཐམ་ག་འདིའི་ཐམ་ཡུ་ནོར་བུའི་དབྱིབས་ལ་དངུལ་གྱི་ཁོང་གསེང་བྱས་པའི་ལྕགས་ཀྱི་ཐམ་ག་སྒོར་མོ་ཞིག་ཡིན་ལ། མཐོ་ཚད་ལ་ལི་རྨིད6.0དང་།ཚངས་ཐིག་ལ་ལི་རྨིད2.0ཡོད། ཐམ་ངོས་ཀྱི་གོང་ལ་ཉི་ཟླ་དང་། གོང་འོག་གཉིས་ལ་དཔལ་བེའུ་དང་ཤིང་ལོས་བརྒྱན། ཐམ་ངོས་ཀྱི་དཀྱིལ་དུ་བོད་ཡིག་གིས་བདེ་བ་ཅན་བླ་བྲང་ཞེས་བྲིས་ཡོད། འདི་ནི་སྙེ་ཐང་བདེ་བ་ཅན་སྟག་ཚང་གསེར་སྲང་རྣམ་འགྲེལ་གྲྭ་ཚང་རྭ་བ་སྟོད་ཐོས་བསམ་ནོར་བུའི་གླིང་ངམ།
བྱ་བྲལ་ཀུན་སྤངས་གྲྭ་ཚང་ཞེས་སོགས་མཚན་གྱི་རྣམ་གྲངས་མང་དུ་ཞུ་བ་དེ་ཡིན།
        བདེ་བ་ཅན་ལ༼བོད་རྒྱ་ཚིག་མཛོད༽དུ་རྭ་སྟོད་བདེ་བ་ཅན་ཞེས་བྲིས་ཡོད་ཅིང་། གྲོང་ཁྱེར་ལྷ་ས་དང་འདབས་ཉེ་བའི་སྙེ་ཐང་ཞེས་པར་ཡོད་པའི་དགོན་པ་རྙིང་ཤོས་ཤིག་ཡིན། སྤྱི་ལོ1205ལོ་ལ་རྒྱ་འཆིང་རུ་བས་ཕྱག་བཏབས་པ་དང་། ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་གདན་ས་མཛད། སྐབས་དེའི་དབུས་གཙང་གི་གདན་ས་ཆེན་པོ་དྲུག་གི་གྲས་ཤིན་ཏུ་གྲགས་ཤིང་། ཕྱིས་སུ་བསྡུས་ཚད་ཀྱི་རྩོད་གྲྭ་ཞིག་ཏུ་གྱུར། ལོ་རྒྱུས་སུ་བཀོད་པ་ལྟར་ན་བཀའ་གདམས་པའི་བླ་མ་ཞིག་པོ་ཤེས་རབ་ཀྱིས་དགའ་བ་གདོང་དགོན་པ་ཕྱག་བཏབ་རྗེས། དེ་རུ་འདུལ་བའི་བསྟན་པ་སྤེལ་ཞིང་། བཀའ་གདམས་པའི་དགོན་ཆེན་དྲུག་གི་ཡ་གྱལ་དུ་གྱུར། སྐབས་དེར་དགའ་བ་གདོང་ལའང་བདེ་བ་ཅན་ཞེས་ཞུ་ཞིང་། སྔ་མོའི་དུས་སུ་མདོ་ཕྱོགས་ལ་སློབ་གཉེར་བྱ་བའི་བསྟི་གནས་འགངས་ཆེན་ཞིག་ཡིན།༼རྒྱལ་དབང་ལྔ་བའི་རྣམ་ཐར༽དུ་བདེ་བ་ཅན་ནི་སྙེ་ཐང་དུ་ཡོད་པ་དང་། སྔར་བཀའ་གདམས་པའི་དགོན་པ་གྲགས་ཆེན་ཞིག་ཡིན། རྗེ་ཙོང་ཁ་བས་དགོན་པ་འདི་ནས་ལོ་གཉིས་ལ་སློབ་གཉེར་གནང་མྱོང་ཞིང་། ཇོ་བོ་རྗེའི་སློབ་མ་རྔོག་བློ་ལྡན་ཤེས་རབ(1059-1109)ཀྱང་དགོན་འདིར་རྒྱུན་བཞུགས་ཀྱིས་འཆད་ཉན་དང་ཚད་མའི་གཞུང་བརྩམས། དེའི་ཕྱིར་དགོན་འདི་རུ་རྗེ་ཙོང་ཁ་བ་དང་། བླ་མ་དབུ་མ་བ་སོགས་ཀྱི་སྒྲུབ་ཕུག་ཀྱང་ཡོད། ཕྱིས་སུ་རྒྱལ་པོ་སྐུ་ལྔའི་ནང་ཚན་ལྷོ་ཕྱོགས་ཡོན་ཏན་རྒྱལ་པོའམ་དགའ་གདོང་ཆོས་སྐྱོང་ཤིང་བྱ་ཅན་གནས་སྲུང་དུ་བསྐོས་ཞེས་བཀོད།
        ང་ཚོས་ཐམ་ག་འདིའི་བརྐོས་རིས་དང་ཡི་གེ དཀྲིས་ཀྱི་འཐེན་ལུགས་སོགས་ལ་དཔག་ན། འདི་ནི་མིང་གི་དུས་དཀྱིལ་གྱི་བདེ་བ་ཅན་བླ་བྲང་གི་ཐམ་ག་ཡིན་ཞིང་། ད་ལྟའི་བར་ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ཤེས་ཐུབ་བོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1