༄༅།།འཕྲོད་བསྟེན་བདེ་ཐང་གི་གོ་དོན་དང་རིན་ཐང་།

འཇམ་དབྱངས་སྐྱབས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-27


        འཕྲོད་བསྟེན་ཞེས་པའི་ཐ་སྙད་དེ་ནི་གཙང་སྦྲ་ཁོ་ན་ཙམ་མ་ཡིན་པར་མིའི་རིགས་ཀྱི་བདེ་ཐང་ལ་ཕན་པའི་ཟས་སྤྱོད་སྨན་དཔྱད་ཡོད་དོ་ཅོག་ལ་གོ་དགོས།
གཅིག འཕྲོད་བསྟེན་གྱི་གོ་དོན།
        འཕྲོད་ཀྱི་ལྡོག་ཟླ་ནི་མི་འཕྲོད་པ་དང་། གོ་དོན་ནི་ཕན་པའི་དོན་ཡིན་ལ། བསྟེན་གྱི་ལྡོག་ཟླ་ནི་མི་བསྟེན་པ་དང་། གོ་དོན་ནི་དང་ལེན་བྱས་པའི་དོན་ཡིན། དཔལ་ལྡན་རྒྱུད་བཞིའི་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་ལས། ཟས་སྤྱོད་མི་འདོད་སློང་དང་མི་འཕྲོད་འཕྲད། ། ཞེས་དང་། ཁ་ཟས་བསྡམ་པའི་ལེའུ་ལས། ཁ་ཟས་མི་འཕྲོད་ཟོས་པས་སྦྱར་དུག་མཚུངས། །འཕྲལ་དུ་སྲོག་འདོར་ཉེས་པ་འཁྲུགས་ཕྱིར་སྲུང་། །ཞེས་དང་། མི་འཕྲོད་འཕྲོད་པ་བསྟེན་ནམ་སྤང་བྱེད་ན། །འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ། །འཕྲལ་དུ་སྤང་བསྟེན་ཉེས་པ་མྱུར་དུ་འཁྲུག །ཅེས་དང་། མི་ན་བ་གནས་པར་བྱ་བའི་ལེའུ་ལས། ཀུན་ལ་ནད་དང་གང་འཕྲོད་ཟས་སྤྱོད་བསྟེན། ཞེས་སོགས་འཕྲོད་བསྟེན་གྱི་སྤང་བླང་དང་གོ་དོན་མང་དུ་གསུངས་མོད་དེ་ཙམ་གྱིས་འཐུས།
གཉིས། བདེ་ཐང་གི་གོ་དོན།
        གནོད་བྱ་བཅུ་དང་གནོད་བྱེད་ཉེས་པ་གསུམ་གྱི་སོ་སོའི་ལྡང་ཚད་དང་མཚན་ཉིད་འཕེལ་ཟད་འཁྲུགས་གསུམ་དུ་མ་གྱུར་པར་གནས་པ་ལ་བདེ་དང་རང་རང་གི་ཚད་གཞི་དེ་རྒྱུན་ལྡན་ལྟར་གནས་པ་ལ་ཐང་ཞེས་བྱའོ། །
གསུམ། འཕྲོད་བསྟེན་བདེ་ཐང་གི་རིན་ཐང་གནད་བསྡུས།
        འཕྲོད་བསྟེན་མེད་ས་ན་བདེ་ཐང་མེད་ལ། བདེ་ཐང་མེད་ས་ན་བདེ་སྐྱིད་ཡོད་མི་སྲིད་པས། དེ་ལ་སྔོན་བྱོན་མེས་པོ་དག་གིས་ཀྱང་འདི་ཕྱི་གཏན་གྱི་བདེ་བ་གང་སྒྲུབ་ཀྱང་བདེ་ཐང་གཙོ་བོར་འཛིན་དགོས་པ་ནི། རྗེ་བཙུན་བྱམས་པ་མགོན་པོས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་སྟེ། །ཤེས་བྱ་སྤངས་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་དང་། དཔལ་ལྡན་རྒྱུད་བཞི་ལས། མི་ན་གནས་དང་ན་བ་གསོ་བ་དང་། །ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར། །ཞེས་གསུངས་པ་ལྟར་མིའི་རིགས་ཀྱི་བདེ་ཐང་དང་། ཚེ་སྲོག དཔལ་འབྱོར་སོགས་འཕྲོད་བསྟེན་བདེ་ཐང་ལ་རག་ལས་ཆེན་པོ་ཡོད་པར་དམིགས་ནས་གསུངས་ཕྱིར། གོ་གནས་དང་། དབུལ་ཕྱུག མཁས་བླུན། བཙན་གཉོམ་སོགས་ལ་ལྟོས་པ་མེད་པར་འཕྲོད་བསྟེན་གྱི་གོ་དོན་དང་བདེ་ཐང་གི་རིན་ཐང་ངེས་པར་རྟོགས་དགོས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1