༄༅།། འཆི་མེད་རྡོ་རྗེ།

ཚུལ་ཁྲིམས་བཟང་པོས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-27


2016ལོའི་སེམས་འགུལ་ཐེབས་པའི་འགྲིམ་འགྲུལ་མི་སྣ་བཅུ་རུ་བདམས་པའི་འཆི་མེད་རྡོ་རྗེ་ལ་བཅའ་འདྲི་བྱས་པའི་སྐོར།
ཚུལ་ཁྲིམས་བཟང་པོས་བྲིས། ཀྲུའུ་པིན་གྱིས་པར་བླངས།

        འཆི་མེད་རྡོ་རྗེ་ནི་སྦྲག་སྲིད་འཕྲིན་སྐྱེལ་པའི་གཟི་བརྗིད་ཡིན་ཞིང་། ཁོང་གིས་ལོ་ངོ་28ཀྱི་རིང་དུ་ཁྲོན་བོད་གཞུང་ལམ་ཐོག་གི་ཆེས་ཉེན་ཁ་ཆེ་བའི་སྡེ་དགེའི་ཁྲོ་ལ་བརྒལ་ནས་སྦྲག་སྲིད་འཕྲིན་སྐྱེལ་གྱི་ལས་ཀ་རྒྱུན་འཁྱོངས་བྱས། ད་ལོའི་ཟླ་བཞི་པར་འཆི་མེད་རྡོ་རྗེ་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཡོངས་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2016ལོའི་སེམས་འགུལ་ཐེབས་པའི་འགྲིམ་འགྲུལ་མི་སྣ་བཅུའི་གྲས་སུ་བདམས་པས་ཁོའི་མི་ལོ་ཉེར་བརྒྱད་ཀྱི་མི་ཚེའི་དཀའ་སྡུག་དང་། སྒེར་སེམས་མེད་པའི་ལས་དོན་ལ་ཁས་ལེན་ཐོབ་སྟེ་རྒྱལ་ནང་གི་གསར་འགྱུར་ཆེ་རིགས་ཀྱིས་ཁོའི་བྱས་རྗེས་དྲིལ་བསྒྲགས་གང་ལེགས་བྱས། ང་ཚོ་གངས་ལྗོངས་ཉི་གཞོན་དང་ཁ་བཏགས་དཀར་པོའི་དུས་དེབ་ཁང་གིས་ཀྱང་འཆི་མེད་རྡོ་རྗེ་ལྟ་བུ་ཆེས་ཕལ་པའི་ལས་རྐང་ཐོག་ནས་མི་དམངས་ལ་ཞབས་ཞུ་སྒྲུབ་མཁན་འདི་དག་གི་སྙིང་སྟོབས་དྲིལ་བསྒྲགས་བྱེད་པ་ནི་འོས་འགན་དུ་བརྩིས་ནས་ཆེད་དུ་ཁོ་ལ་ཁ་པར་བརྒྱུད་ནས་བཅའ་འདྲི་ཞུས་པ་ཡིན།

འཆི་མེད་རྡོ་རྗེའི་ཆུང་མས་ཁོ་བོར་ལམ་ནས་སེམས་ཆུང་བྱ་དགོས་པའི་སྐུལ་མ་ཡང་དང་ནན་དུ་གཏོང་བཞིན་པ།

        ◆ གསར་འགོད་པ། ད་ལོའི་གཟེངས་རྟགས་ཆེན་པོ་དེ་ཐོབ་པའི་མྱོང་ཚོར་ཉུང་ཙམ་གསུང་རོགས།
        འཆི་མེད་རྡོ་རྗེ། ད་ལོ་གཟེངས་རྟགས་ཆེན་པོ་འདི་ཐོབ་པར་རང་ཉིད་ཀྱི་ངོས་ནས་དགའ་བ་ཚད་མེད་སྐྱེ་བཞིན་ཡོད། སྤྱིར་གཟེངས་རྟགས་འདི་ཕྱི་ངོས་ནས་སྒེར་ལ་ཐོབ་ན་ཡང་། ངས་ནི་འབྲེལ་ཡོད་ལས་ཁུངས་དང་རོགས་པ་ཡོངས་ཀྱིས་ལོ་དུ་མར་འབད་འབུངས་བྱས་པའི་གྲུབ་འབྲས་ཕུལ་དུ་བྱུང་བ་ཞིག་ཡིན་པར་ངོས་འཛིན་བཞིན་ཡོད།
        ◆ གསར་འགོད་པ། རང་ཉིད་འཚར་ལོངས་ཀྱི་གོ་རིམ་མདོར་བསྡུས་ཙམ་གསུང་རོགས།
        འཆི་མེད་རྡོ་རྗེ། ང་ནི་སྡེ་དགེ་རྫོང་ལྕང་ར་ཤང་གི་ཁོངས་གཏོགས་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། ངའི་ཕ་ཡུལ་ནི་གྲོང་སྡེ་གཞན་དག་དང་བསྡུར་ན་འགྲིམ་འགྲུལ་དང་རིག་གནས་སོགས་ཅུང་ལེགས་པས་ཆུང་དུས་ནས་སློབ་ཆུང་དང་དམའ་འབྲིང་སོགས་རིམ་བཞིན་སློབ་གྲྭར་བཅས་འགྲིམས་པའི་གོ་སྐབས་ལྡན་སོང་། 1979ལོར་སྡེ་དགེ་རྫོང་སློབ་འབྲིང་ནས་མཐར་ཕྱིན་ཞིང་རང་ཉིད་ཀྱི་ཕུགས་འདུན་ལྟར་སྦྲག་སྲིད་ཀྱི་བྱ་བར་ཞུགས། ངས་ལོ་ངོ་ཉེར་བརྒྱད་ཙམ་གྱི་རིང་ལ་རང་ནུས་ཅི་ལྕོགས་ཀྱིས་བྱ་བར་འབད་འབུངས་བྱས་པ་ཡིན་ལ། ཁྲོན་བོད་གཞུང་ལམ་གྱི་འཕྲང་འགག་དང་པོ་སྟེ་སྡེ་དགེའི་ཁྲོ་ལར་ཟླ་རེར་ཐེངས་ཉི་ཤུ་ལྷག་བརྒལ་དགོས་ལ། བརྒལ་ཐེངས་རེ་ལ་གཤིན་རྗེ་འཕྲང་ལམ་འགྲིམ་པ་ལྟ་བུའི་ཚོར་སྣང་སྐྱེས། ལོ་འདི་དག་གི་རིང་ལ་རླངས་འཁོར་གྱི་དོན་རྐྱེན་ཐེངས་གཅིག་ཀྱང་བྱུང་མ་མྱོང་། རྒྱུན་དུ་འདི་ནི་ངའི་དགའ་ཕྱོགས་སམ་ཕྲག་ཏུ་ཁུར་འོས་པའི་ལས་འགན་ཞིག་ལ་ངོས་འཛིན་བཞིན་ཡོད།
        ◆ གསར་འགོད་པ། ལས་ཀ་འདི་ལྟ་བུ་ཞིག་བདམས་པའི་ཐོག་མའི་སེམས་འདུན་གང་ཡིན་ལགས།
        འཆི་མེད་རྡོ་རྗེ། གཅིག་ནས་སྤྱིར་རང་ཉིད་ཆུང་དུས་སུ་ང་ཚོའི་ཕ་ཡུལ་དུ་རླངས་འཁོར་ཧ་ཅང་ཉུང་བ་དང་རྫོང་ཐོག་ཏུ་འགྲོ་དགོས་ནའང་རླངས་འཁོར་ཇ་ཡུན་ཁ་ཤས་ལ་སྒུག་དགོས། གལ་ཏེ་རང་ཉིད་ལ་རླངས་འཁོར་འདི་ལྟ་བུ་ཞིག་ཡོད་ན་དེའི་དཀའ་ངལ་སེལ་ཐུབ་པ་སྙམ། གཉིས་ནས་སྐབས་དེར་གཞན་དང་བསྡུར་ན་དམག་གི་རླངས་འཁོར་དང་སྦྲག་སྲིད་ཁང་རླངས་འཁོར་གཉིས་ཅུང་མོད་པས། འདིའི་ཁ་ལོ་བ་ཞིག་ཡིན་ན་ཅི་མ་རུང་བསམ་ཞིང་། མཚན་མོར་རྨི་ལམ་དུའང་ཁ་ལོ་བ་ཡིན་པ་རྨིས་པ་བགྲང་གིས་མི་ལངས། གསུམ་ནས་དཀར་མཛེས་ཁུལ་བྱང་བརྒྱུད་ཀྱི་རྫོང་ཁག་ཁ་ཤས་ལ་མཚོན་ན་ས་བབ་རྙོག་འཛིང་ཆེ་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བས། ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་བསྐོང་བར་དཀའ་ཁག་ངེས་ཅན་ཡོད་པ་རེད། དེ་ལས་སྐྱེལ་འདྲེན་ནི་སྲོག་རྩ་ལྟ་བུ་གྱུར་ཡོད་སྟབས། རང་ཉིད་སྐྱེ་འདྲེན་ལས་ཀ་འདི་ལ་ཞུགས་ནས་ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་འདུན་པ་སྔ་མོ་ནས་ཡོད།

འཆི་མེད་རྡོ་རྗེ་ཁྲོ་ལ་རི་བོའི་གཡང་གཟར་འགག་འཕྲང་དོག་པའི་ལམ་དུ་སྐྱོད་བཞིན་པ།

        ◆ གསར་འགོད་པ། དངོས་སྐྱེལ་ལས་དོན་ཁྲོད་ཀྱི་ཆེས་བརྗེད་དཀའ་བའི་དོན་འགའ་ལས་འཕྲོས་ཏེ་དེའི་ངོས་འཛིན་དང་མྱོང་སྣང་རགས་ཙམ་ཞིག་གླེང་རོགས།
        འཆི་མེད་རྡོ་རྗེ། ལོ་ངོ་ཉེར་བརྒྱད་ཙམ་ལ་སྐྱེལ་འདྲེན་བྱས་པའི་བརྒྱུད་རིམ་ཁྲོད་དགའ་ནས་དགོད་བྲོ་བ་དང་སྡུག་ནས་ངུ་བྲོ་བའི་དོན་དག་བརྗེད་དཀའ་བ་ཆེ་མ་ཆུང་གསུམ་གྲངས་གིས་མི་ལོན་པ་དང་འཕྲད་མྱོང་། དེ་དག་ལས་ཆེས་བརྗེད་དཀའ་བ་ནི་སྤྱི་ལོ་2012ལོའི་ཟླ་9པའི་ནང་བྱུང་བའི་དོན་རྐྱེན་དེ་ཡིན་ལ། དེ་ནི་ངས་སྦྲག་སྲིད་ལས་དོན་ལ་སྲུང་སྐྱོབ་བྱེད་བའི་ཆེད་དུ་རང་གི་གཅེས་པའི་སྲོག་ལའང་མ་འཛེམ་པར་བྱུང་བའི་དོན་དག་ཅིག་ཡིན། འདི་ནི་ང་རང་སྦྲག་སྲིད་ལས་དོན་ལ་དགའ་བའི་རྐྱེན་གྱིས་བསྒྲུབས་པའི་བྱ་བ་ཕྲན་བུ་ཙམ་ཡང་ཡིན། དོན་རྐྱེན་དེ་བྱུང་རྗེས་འབྲེལ་ཡོད་སྦྲག་སྲིད་ལས་ཁུངས་ཀྱི་རོགས་རམ་དང་བཟའ་ཟླ་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་སླར་ཡང་རྐང་པ་གཉིས་ཐང་ལ་བཙུགས་ཐུབ་པ་བྱུང་། སྔོན་མར་གསར་འགོད་པ་ཁ་ཤས་ཀྱིས་ཁྱོད་ཀྱི་ལུས་ལ་གྲི་རྨས་བཅུ་བདུན་ཙམ་ཐེབས་ཀྱང་ད་རུང་ལས་འཁྱུར་ངལ་གསོ་མི་བྱེད་པར་མུ་མཐུད་དུ་ལས་གཉེར་བྱེད་པའི་རྒྱུ་མཚན་གང་ཡིན་དྲིས་མྱོང་། ངས་ཁོ་ཚོ་ལ་ང་ནི་ཆུང་དུས་ནས་སྦྲག་སྲིད་རླངས་འཁོར་བསྐོར་རྒྱུ་ལ་དགའ་བ་དང་། ལས་ཁུངས་ནི་ང་ལ་ཚེ་སྲོག་ཐེངས་གཉིས་པ་སྦྱིན་མཁན་གྱི་དྲིན་ཆེན་དེ་ཡིན་པས་རྒས་ནས་དབང་པོ་མ་ཉམས་ཀྱི་བར་དུ་ལས་ཁུངས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་ལན་བཏབ་མྱོང་།
        ◆ གསར་འགོད་པ། བོད་ཁུལ་གྱི་རླངས་འཁོར་ཁ་ལོ་བ་དག་གིས་དམིགས་བསལ་གྱི་འགྲིམ་འགྲུལ་ཆ་རྐྱེན་འོག་དུས་རྒྱུན་བདེ་འཇགས་དང་འབྲེལ་བའི་དོན་དག་གང་དག་ལ་དོ་སྣང་བྱ་དགོས་སམ།

འཆི་མེད་རྡོ་རྗེ་2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ་ཡི་གྲས་སུ་བདམས།
        འཆི་མེད་རྡོ་རྗེ། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་སྔོན་དང་བསྡུར་ན་དེང་སྐབས་ལམ་དཔེ་མེད་ཡག་པོ་ལས་ཡོད་པ་རེད། འོན་ཀྱང་བོད་ཁུལ་གྱི་ཁ་ལོ་བ་མང་ཤོས་ཀྱིས་ལམ་ཡག་པར་བརྟེན་ནས་འགྲོས་ཚད་ཇེ་མགྱོགས་སུ་བཏང་པས། རླངས་འཁོར་གྱི་དོན་རྐྱེན་ལོ་རེ་ནས་ལོ་རེ་ཇེ་མང་རེད། ད་དུང་འགྲིམ་འགྲུལ་སྒྲིག་སྲོལ་ཤེས་མཁན་དང་ཁ་ལོ་བའི་ཆོག་མཆན་ཚད་ལྡན་ཡོད་མཁན་ཤིན་ཏུ་ཉུང་བས་དེ་དག་ལ་དོགས་ཟོན་ནན་མོ་བྱ་རྒྱུ་དང་། འགྲིམ་འགྲུལ་སྒྲིག་སྲོལ་གྱི་ཤེས་བྱ་ལ་སློབ་སྦྱོང་ནན་ཏན་བྱས་ནས་མ་འོངས་པར་རང་དང་ཁ་ལོ་བ་ཀུན་གྱི་བདེ་འཇགས་ལ་དོ་སྣང་བྱེད་པར་གལ་ཆེན་དུ་མཐོང་།
        ◆ གསར་འགོད་པ། དུས་ཀྱི་འཕེལ་འགྱུར་དང་ལྷག་པར་གློག་རྡུལ་བཟོ་ཚོང་རིམ་བཞིན་བོད་ཁུལ་དུ་དར་བ་དང་བསྟུན་ནས་དངོས་སྐྱེལ་ལས་ཀ་གལ་ཆེན་དུ་འགྱུར་བཞིན་ཡོད་པས་ན་སླད་མར་ལས་དོན་དེ་འཐུས་ཚང་དུ་གཏོང་བའི་ཐད་ནས་རང་གི་མཉམ་མྱོང་དང་སྦྲགས་ནས་ལྟ་ཚུལ་ཐུང་ངུ་ཞིག་གླེང་རོགས།
        འཆི་མེད་རྡོ་རྗེ། ད་ལྟ་གློག་རྡུལ་བཟོ་ཚོང་གི་དུས་རབས་སུ་སླེབས་པ་ནི་ང་ཚོ་སྐྱེ་འདྲེན་མི་སྣ་ལ་མཚོན་ན་ཆེས་མངོན་གསལ་དོད་པོ་རེད། གྲོག་རོང་དུ་ཆགས་པའི་ཕ་ཡུལ་དུའང་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་འོག་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ལ་ཞུགས་ནས་དྲ་བ་བརྒྱུད་དེ་དངོས་རྫས་ཉོ་བསྒྲུབ་བྱེད་མཁན་ཇེ་མང་རེད། དེ་བས་སྐྱེལ་འདྲེན་གྱི་དངོས་པོ་ལྡབ་འགྱུར་གྱིས་ཇེ་མང་དུ་ཕྱིན་པར་མ་ཟད། ང་ཚོའི་ལས་ཀ་ཡང་བྲེལ་འཚུལ་ཇེ་ཆེར་གྱུར། དཔེར་ན་དེ་རིང་སྦྲག་སྲིད་ཁང་གིས་རླངས་འཁོར་གཉིས་མངགས་ནས་མཉམ་དུ་འགྲོ་བཞིན་ཡོད། ང་ཚོ་སྐྱེལ་འདྲེན་མི་སྣ་ནི་མཛད་སྤྱོད་པ་དང་དངོས་པོའི་བར་གྱི་མེད་ཐབས་མེད་པའི་ཞབས་ཞུའི་སྡེ་ཁག་དེ་ཡིན་པས། རང་ནུས་ཅི་ལྕོགས་ཀྱིས་དུས་ལྟར་ཆད་ལུས་མེད་པར་དངོས་རྫས་སྐྱེལ་འདྲེན་བྱེད་རྒྱུ་གལ་ཆེན་པོ་རེད་བསམ།
        ◆ གསར་འགོད་པ། མིག་སྔའི་སེམས་ཁམས་དང་བསྟུན་ཏེ་ཀློག་པ་པོ་དག་ལ་ཆེས་བརྗོད་པར་འདོད་པའི་སྐད་ཆ་འགའ་གསུངས་རོགས།

        འཆི་མེད་རྡོ་རྗེ། རང་གིས་བསྒྲུབ་ན་འདོད་པའི་བྱ་བའམ་ཕུགས་འདུན་ནི་ནམ་ཡང་འཕང་གཅོད་བྱེད་ཀྱི་གཤོག་ཟུང་ལྟ་བུ་ཡིན་པས། ན་གཞོན་དག་གིས་གེགས་དང་བར་ཆད་ལ་མ་འཛེམ་པར་མདུན་དུ་བསྐྱོད་པ་ནི་ཆེས་མཛེས་སྡུག་གི་ཕུགས་འདུན་དེ་ལ་འཇུག་པའི་གོ་རིམ་འོས་འཚམ་ཞིག་ཡིན་ངེས། །  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1