༄༅།། ཚངས་སྲས་བཞད་པའི་སྒྲ་དབྱངས།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-27



          ཀྱེ་ཕུར་མཆོག་གསུམ་ནི་ལོ་རབས་བརྒྱད་ཅུའི་སྟོད་ལ་མདོ་སྨད་མང་ར་རྫོང་གི་ཐར་ཤུལ་ཡུལ་ཚོར་འབོད་པའི་འབྲོག་སྡེ་ཞིག་ཏུ་སྐྱེས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་པར་བརྒྱུད་དེ་ད་ལྟ་མདོ་ལྷོའི་འབྲོག་སྡེ་ཆེན་མོ་རྨ་ཆུ་རུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད། 2003ལོར་གངས་རྒྱན་ན་ཆུང་ཚགས་པར་གྱིས་སྤེལ་བའི་བོད་ཁམས་ཀྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ནས་བྱ་དགའ་ཨང་གསུམ་པ་ཐོབ། 2010ལོར་སི་ཁྲོན་ཞིང་ཆེན་གྱི་མཐུ་སྟོབས་རྡོ་རྗེ་རྟགས་མའི་དཔྱད་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ། 2016ལོར་སྦྲང་ཆར་རྩོམ་སྒྲིག་ཁང་གིས་སྤེལ་བའི་ཁ་བྱང་གཅིག་པའི་སྙན་ངག་འགྲན་སྡུར་ལས་ཨང་གསུམ་པ་ཐོབ། 2017ལོར་ཀན་ལྷོ་བོད་ཡིག་གསར་འགྱུར་ཁང་གིས་སྤེལ་བའི་ཕ་ཡུལ་ཀན་ལྷོ་ཞེས་པའི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་གསུམ་པ་བཅས་ཀྱི་བྱ་དགའ་ཐོབ་མྱོང་།

ཚངས་སྲས་བཞད་པའི་སྒྲ་དབྱངས།
ཁམས་གསུམ་འགྲོ་བའི་རྨོངས་པ་མཁྱེན་དཔྱོད་ཉི་ཟླས་སེལ་མཛད། །
བརྩེ་ཞེན་ཟློས་གར་བསྒྱུར་བའི་འཇམ་དབྱངས་འཕྲུལ་གྱི་ཤིང་རྟས། །
བདག་བློའི་ཉོན་མོངས་དུག་གསུམ་ངན་འགྲོའི་གནས་ལས་དྲངས་ཏེ། །
མཐོ་རིས་འོད་གསལ་རི་ལ་བསྐལ་བའི་མཚན་མར་བསྒྲེངས་རོགས། །
གསུང་དབྱངས་ཡན་ལག་དྲུག་ཅུ་འདོད་དགུའི་ཞིང་དུ་འཕོས་པའི། །
ཡུམ་གཅིག་མཚོ་བྱུང་ལྷ་མོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། །
བདག་བློ་བུམ་པའི་སྣོད་ལ་བདུད་རྩིའི་བཅུད་ཀྱིས་ལྟེམས་ཏེ། །
མ་རིག་རྨོངས་པའི་འདམ་མྱགས་གཙང་ཆུའི་རྒྱུན་གྱིས་ཁྲུས་ཤོག །
ལོ་ཟླའི་གྲམ་གཞུང་སྐྱ་བོར་ཚངས་དབྱངས་རྒྱུད་མང་འཁྲོལ་བས། །
སེམས་ཀྱི་པད་མའི་ཚལ་ལ་གཡུ་སྦྲང་གར་སྟབས་འཁྱུག་སོང་། །
ཤེས་རིག་ཟེའུ་འབྲུའི་བཅུད་ཀྱིས་འབྱུང་བཞིའི་ཞིང་ས་བརླན་ཏེ། །
འདོད་འདུན་སྤང་ལྗོངས་ངོས་སུ་མེ་ཏོག་དྲི་བསུང་ཆལ་ཆིལ། །
རིམ་བགྲོད་ལོ་ཟླའི་བང་ཁ་ཚན་རྩལ་གློག་གིས་བསྐྱེད་སོང་། །
འཚོ་བའི་ཕྱི་ནང་གསང་གསུམ་དུས་ཀྱི་འོད་ལ་འཁྱུད་སོང་། །
ཤེས་རིག་པད་མའི་ཚལ་ལ་གཡུ་སྦྲང་སྟོང་དུ་འཁོར་པས། །
བློ་མོས་ཚངས་པའི་དབྱངས་ཀྱིས་ང་ཚོ་རྒྱང་ལ་བསྐྱལ་སོང་། །
མཁའ་ཡི་གླང་པོ་ཁྲོས་ཏེ་ཐུགས་རྒྱུད་ཆར་གྱིས་བརླན་པས། །
ནོར་འཛིན་ཨ་མའི་ལྟོ་བར་བྱམས་པའི་མདངས་ཤིག་འཁྲུངས་ཡོང་། །
ཚངས་དབྱངས་གདངས་ལ་འཁྱུད་པའི་རིག་པའི་བུང་བ་ཁྱུ་གཅིག །
གཤོག་རྡང་དར་ལ་བྲེས་ནས་ཕུགས་འདུན་རླབས་ལ་འཇུས་ཡོད། །
ངག་གི་ཁུ་བྱུག་གདངས་ལ་སྙན་པའི་རོལ་མོ་འཁོར་ཡོང་། །
ལུས་ཀྱི་ལྡེམ་མྱུར་རྩལ་ལ་རྨ་བྱའི་སྒེག་འགྲོས་འཁྱུག་ཡོད། །
ཡིད་ཀྱི་ནམ་མཁའི་གཞི་རུ་གཤིས་ཀྱི་ཆུ་འཛིན་འཁྲིགས་ཏེ། །
དགའ་བའི་རྣམ་ཤེས་ཁྲི་འབུམ་ཚངས་དབྱངས་རྟ་ལ་བསྐྱོན་ནོ། །
འཇིག་རྟེན་ལྷ་ཚོགས་མྱོས་པའི་ཟློས་གར་དཔྱིད་དུ་བསྒྱུར་ཏེ། །
འགྲོ་དྲུག་དཔལ་གྱི་ལོངས་སྤྱོད་ཡིད་ཀྱི་དབྱར་ཟླར་ཚེས་པས། །
འབྱུང་བཞིའི་ཡུམ་གྱི་མངལ་དུ་སྤྲོ་དགའི་རྣམ་ཤེས་རུམ་ནས། །
གོ་རྟོགས་ཅང་ཤེས་རྟ་ཕོར་ཚངས་དབྱངས་ལྕག་གིས་གྲབས་ཡོད། །
ཚངས་སྲས་བཞད་པའི་སྒྲ་དབྱངས་སློབ་རའི་མངལ་དུ་སྦྲུམ་ནས། །
བློ་གསལ་གངས་ཕྲུག་སྟོང་གི་ཡིད་དབུས་ཞིང་སར་སྨིན་ཡོད། །
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་དྲན་པའི་སྣོད་དུ་ལྟེམས་ཏེ། །
རྩོམ་རིག་དབྱངས་ཅན་ལྷ་མོར་བུ་སློབ་འཁོར་དུ་འདུས་ཡོང་། །
ཚངས་སྲས་བཞད་པའི་སྒྲ་དབྱངས་རྒན་གྱི་ངག་ལ་འཁྱིལ་ཏེ། །
གདམས་ངག་བདུད་རྩིའི་ཆབ་རྒྱུན་ཡིད་ཀྱི་གསོས་སུ་སྨིན་སོང་། །
བྱིན་རླབས་ཚིག་གི་བེམ་པོར་རྒྱན་གྱི་ཟེར་མ་འཕྲོས་ནས། །
གཞོན་པའི་སྙན་གྱི་བུ་གར་དུས་ཀྱི་འཇོལ་མོ་གྲགས་འདུག །
ཚངས་སྲས་བཞད་པའི་རང་སྒྲ་དགོན་སྡེའི་མཆོད་ཆར་འཁྱིལ་ཏེ། །
གཟན་ཤམ་དམར་པོའི་སུལ་ལ་ཚུལ་ཁྲིམས་དྲི་ངད་ལྡང་བྱུང་། །
ཌཱ་རུ་དྲིལ་བུའི་ལྗོན་ཚལ་བྱིན་རླབས་ཆར་གྱིས་བརླན་པས། །
མཁས་མང་གསེར་རིའི་ཕྲེང་བ་པད་མའི་གདན་ལ་འཁོད་འདུག །
ཚངས་སྲས་བཞད་པའི་སྒྲ་དབྱངས་དམ་པའི་ངག་ལས་འཕོས་ཏེ། །
ཤོག་དཀར་སྤྲིན་པའི་ཚལ་ལ་ཡིག་ཆུང་གཟུགས་རིས་ཕབ་ཡོད། །
ཐུགས་དགོངས་གསེར་གྱི་རྒྱ་ཕིབས་ག་ལེར་བོད་ལ་གྲོལ་བས། །
གསང་བའི་མདུད་པ་དམ་པོ་ཚིག་འབྲུའི་གསེབ་ཏུ་ལྷོད་འདུག །
ཚངས་སྲས་བཞད་པའི་སྒྲ་དབྱངས་ཉི་ཟླའི་མགུལ་ལ་དཔྱངས་པས། །
བློ་གསལ་སྐར་མའི་འཛུམ་ཆུང་མཚན་མོའི་གསང་བས་དྲངས་སོང་། །
ཀུན་གསལ་མཐིང་ཀའི་ཞལ་རིས་སྒོ་གླེགས་བཞིན་དུ་བརྐྱངས་ཏེ། །
སྤྲོ་དགའི་གཡུ་འབྲུག་སྔོན་མོ་བག་གསར་ཁྱིམ་ལ་བསུ་ཆོག །
ཚངས་སྲས་བཞད་པའི་སྒྲ་དབྱངས་མེ་ཏོག་འདབ་མར་འཁྱུད་པས། །
དོན་གྱི་ཟེའུ་འབྲུ་སྣུམ་པོ་ཡིག་འབྲུའི་གཤོག་པར་འཐམས་ཏེ། །
སྤང་ལྗོངས་གཡང་དཀར་ཚལ་ནས་རྫི་བོའི་ངག་ཏུ་འཁྲུངས་སམ། །
དམ་པའི་མཚན་གྱི་དབྱར་རྔས་ས་ཆེན་ལྟོ་བ་གཤགས་སོང་། །
མཁྱེན་དཔྱོད་མཚོ་མོའི་རླབས་ལ་ངེས་དོན་གསེར་ཉ་འཁྱུག་སྟེ། །
འགྲོ་བའི་དོན་ཀུན་ཐུགས་རྗེ་སྙིང་རྗེ་རླབས་ལ་སྤྲུལ་བའི། །
དམ་པའི་མཚན་གྱི་ཟུར་ཞིག་ཐབས་ཀྱིས་དྲས་པའི་སྦྱོར་བ། །
ཐ་སྙད་སྟོང་གི་སྲོག་ལ་རྟགས་དང་མཚན་མས་ཞུགས་ཡོད། །
ཚངས་དབྱངས་གདངས་ལ་འཁྱུད་པའི་ངེས་དོན་དམ་པའི་སྐུ་ཚེ། །
སྲིད་མཐའི་བར་དུ་བརྟན་ཞེས་སྨོན་ལམ་ལོག་ལ་མི་འཇོག །
སྐུ་གསུང་ཐུགས་ཀྱི་ནོར་ལ་དུས་མིན་འཚེ་བ་མེད་པར། །
འགྲོ་བའི་མྱ་ངམ་ཐང་ལ་ཐུགས་ཀྱི་སྦྲང་ཆར་འབེབས་མཛོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1