གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

འབའ་སྨད་རྒྱལ་ལོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༧ཚེས་༠༣ཉིན།

༄༅།། ང་ཡི་རང་ཁྱིམ་།

ལྷ་ས། འབའ་སྨད་རྒྱལ་ལོ་ཚེ་རིང་།
རང་ཁྱིམ་ན་བདག་གི་ཨ་ཕའི་གསར་གཏོད་ཀྱི་ལོ་རྒྱུས་གསལ་ཞིང་།
ད་ལྟ་བདག་གི་གདོང་ན་གསར་གཏོད་ཀྱི་འབྲས་བུ་གསལ་ལྷང་ལྷང་།
རང་ཁྱིམ་ན་བདག་གི་ཨ་མའི་དཀའ་ཚེགས་ཀྱི་མཚར་སྡུག་བཀྲ་ཞིང་།
ད་ལྟ་བདག་གི་བཞུད་ལམ་དུ་མཚར་སྡུག་གི་གཏམ་རྒྱུད་འོད་ཀྲིག་ཀྲིག
རང་ཁྱིམ་འདི་ལྷ་ཡིས་གནང་བའི་ཕོ་བྲང་དང་།
ཀླུ་ཡིས་སྦྱིན་པའི་གུར་ཁང་མིན།
རང་ཁྱིམ་ནི་བཟའ་མི་གང་པོའི་བརྩེ་འདང་འཁྱིལ་བའི་མཁའ་དབྱིངས་དང་།
བག་ཡངས་ཀྱི་དགའ་སྐྱོའི་རོལ་དབྱངས་དཀྲོལ་སའི་སྐྱེད་ཚལ་ཡིན།
འདི་ན། སྟག་ཕྲུག་འདྲ་བའི་སྤུན་བཞིའི་སྐྱེས་རབས་འཁྲུངས་ཤིང་།
མི་རེ་རེའི་གཏམ་རྒྱུད་ཀྱི་ལང་ཚོ་འདི་ནས་འབུས་ལ།
ལང་ཚོའི་གཟི་དཔལ་ཕྱིར་རང་ཁྱིམ་དུ་བཤམས་ཡོད།
རང་ཁྱིམ་ན། ཨ་ཕའི་ཞང་ཨ་དབྱངས་ཀྱི་གླུ་སྐད་རྫ་ཆུ་ལྟར་འཇམ་ཞིང་བསིལ།
ཞང་ཨ་དབྱངས་ཀྱི་འགྱུར་ཁུགས་ཁྲོད་དུ་ཕུ་ནུ་བཞི་པོའི་ཕུགས་བསམ་མངོན།
རང་ཁྱིམ་ན། ཨ་མའི་སེམས་འགྱུ་གཙང་པོ་ལྟར་རིང་།
གཙང་པོ་ལྟ་བུའི་སེམས་འགྱུའི་ཀློང་དུ་ང་ཚོའི་ནར་སོན་གྱི་ལོ་ཟླ་བསྐུངས་ཡོད།
ང་ཡི་ཁྱིམ་ན། ཕ་མ་གཉིས་ཀྱི་ངག་ཏུ་ངད་མ་ཡལ་བའི་བརྡ་རྙིང་པ་དང་།
དུས་རབས་ཀྱིས་ནོག་མ་ཐུབ་པའི་གཤིས་ཀ་འཇམ་པོ་ཡོད།
ཕུ་ནུ་ཚོའི་ལག་རྡང་ཨ་ལོང་ལྟར་སྦྲེལ་ཡོད།
ང་ཡི་ཕུགས་བསམ་གྱི་ལོ་ལེགས་རང་ཁྱིམ་འདིར་སྨིན་ཡོད།
རང་ཁྱིམ་འདི་ནས། ང་རང་ཐོག་མར་ལམ་དུ་ཆས་ཚུལ་གྱི་ས་ཚིགས་དང་ཕྱིར་ལྡོག་དུས་ཀྱི་མཚར་སྡུག་གི་གཏམ་རྒྱུད་ཡོད།
འཚོ་བའི་གནས་ལུགས་ཀྱི་ཆོ་ག་རེ་རེ་དང་།
འཇིག་རྟེན་ལ་སྒོ་མང་ཞིང་སྒོ་ནི་གབ་ཚིག་ཅིག་ཡིན་པ་རང་ཁྱིམ་འདི་ནས་རྙེད་ཅིང་།
ཕུགས་བསམ་གྱི་ལམ་བུ་རིག་པས་རྟོལ་དགོས་ཚུལ་གྱི་ཐབས་དང་བསླབ་བྱ་མང་པོ་ཕ་མའི་ངག་ལས་ཐོས་པས།
རང་ཁྱིམ་ནི་བདག་གི་རིག་པ་ལ་གཤོག་པ་ཐོགས་པའི་སྐྱེད་ཚལ་དང་སློབ་ཚན་དང་པོ་ཡིན།
འདི་ནས། རེ་སྨོན་གྱི་འབོད་པ་རྒྱང་ལ་བསྐུར་མྱོང་ཞིང་།
སེམས་ཁུར་གྱི་དྲི་བ་སྣ་ཚོགས་གདོང་དུ་བྱུགས།
གྱེས་བྲལ་གྱི་ན་ཟུག་ལྕི་མོ་ཡི་གེའི་གཟུགས་སུ་ཕབ།
ལམ་གྱི་ས་ཚིགས་རེ་རེ་རིག་པས་བཀྱགས་ཏེ་མཐའ་མཇུག་གི་ས་ཚིགས་སུ་སླེབས་ཡོད།
རང་ཁྱིམ་གྱི་དྲོད་ཁོལ་དང་བརྩེ་སེམས་ཀྱི་ལག་རྡང་ནི།
རྒྱང་ནས་རྒྱང་ལ་འཕུར་བའི་ང་ཡི་གཤོག་ཟུང་ཡིན་སོང་།
ཕ་ཡུལ་ཝ་དཀར་སྡེ་བ་ནས་ཁྱེད་དང་གྱེས་ཚུལ་གྱི་མིག་ཆུ་འཐུང་།
འབའ་རྫོང་མཁར་ནས་དྲན་གདུང་གི་མིག་ཆུ་ང་ཡི་སྙན་ངག་གི་ས་བོན་དུ་སྨིན།
ཆབ་འགག་གཞུང་ནས་དྲན་གདུང་གི་ན་ཟུག་ང་ཡི་སྟོབས་སུ་གྲུབ།
ལན་གྲུའི་གྲོང་དུ་ང་ཡི་སྙན་ངག་ཁྱེད་ཀྱི་འཛུམ་དུ་བརྫུས།
དུས་ད་ལྟ། ལྷ་སའི་གྲོང་དུ།
སྐྱ་རེངས་བུ་མོས་མི་ཡུལ་གྱི་ལྷིང་འཇགས་དཀྲོགས་དུས།
ངས་རང་ཁྱིམ་དྲན།
མཚམས་སྤྲིན་དམར་པོ་ནུབ་མཐའི་རི་རྩེ་ལ་འཁྱིལ་དུས།
ངས་རང་ཁྱིམ་དྲན།
ང་ཡི་ཁྱིམ་འདི།
ཨ་སྔོན་ལྟར་ཡངས་ཆོག་ལ།
ཁབ་མིག་བཞིན་དོག་ཀྱང་ཆོག
ངས་མཚན་ཞག་རེ་རེར་དྲན་མྱོང་བའི་རང་ཁྱིམ་དྲོན་མོ་དེར་ལོག་འགྲོ།

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1