༄༅།། བྱང་གི་གཡུ་ཆུང་དྲུག་དཀར།

དཀོན་མཆོག་སྐྱབས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-03


པེ་ཅིང་། དཀོན་མཆོག་སྐྱབས།
1ལྟ་ཞིང་བལྟ་སའི་མིག་ཟུར་གྱི་རྒྱན་ཆ། རི་ལུང་དང་གཙང་པོ་བརྒལ་ཏེ་གཞན་ཡུལ་འགྲིམས་ཤིང་ཕྱི་མིག་གི་འཕྲེང་སེམས་ཙམ་ཡང་མེད་པ་བརྩེ་དུང་གི་བཟི་ཁ་བཙན་པས་ཨེ་རེད།
2འཕྲེང་ལམ་རིང་མོ་བརྒྱུད་པའི་མི་ཡུལ་གྱི་འགྲུལ་བཞུད་ཁྲོད་ནས་སེམས་ཀྱི་དུངས་ས། ཞེན་པའི་འཕྲེང་ས། བྲང་གཞུང་དམར་པོའི་འགྱུར་བག་ཙམ་ལས་མཐའ་མཇུག་སུ་ཡང་གང་དུ་མི་འགྱུར་བ་དུས་དེར་གཞི་ནས་ཤེས།
3འུ་ཅག་ངལ་དུབ་དང་ཡི་ཆད་ཀྱིས་གཙེས་ཀྱང་གཡུ་ཆུང་དྲུག་དཀར་གྱི་མགོ་རྒྱན་དེས་སུ་ཞིག་གི་ལུས་སེམས་བརྒྱན་པའི་ཡིད་ཀྱི་སྟ་གོན་ཐེངས་མང་དུ་བྱས་ལ། ཁྱོད་དེ་བཞིན་དེ། ཁོ་བོ་ཡང་དེ་བཞིན་ནོ། །
4གྱེས་པའི་ལོ་ཟླ་དེར་སེམས་ཀྱི་གྲུ་ངོས་ཤིག་ཏུ་ཁྱོད་ཀྱི་གཟུགས་རིས་བཟུང་ཞིང་བཟུང་ཡང་། བྲལ་ཡུན་འགོར་ཞིང་འབྲེལ་ལམ་མེད་པས་ད་ནི་མག་མོག་གི་སྣང་བ་རྒྱུ་སྤུན་ཙམ་ལས་གཟུགས་རིས་ཤིག་ཡིན་པ་ཡང་གསལ་ཚོར་མ་བྱུང་།
5དེ་རིང་ཤར་ནས་གཤོག་འགྱུ་རྡེབ་པའི་སྐྱ་ཀ་ཁྲ་མོ་ཁྱུ་གཅིག་གི་གྲེ་འགྱུར་ལས། ཁྱོད་རང་ཞང་པོས་གཡས་ནས་བསྐྱོར་ཞིང་གནས་པོས་མདུན་ནས་བསུས་ཏེ། ཇ་ཆང་གི་རི་རབ། གླུ་གར་གྱི་རྒྱ་མཚོ་བསྐྱིལ་ནས་སྟེང་གི་ལྷ་ཡུལ་ངོ་མཚར་ཞིང་། འོག་གི་ཀླུ་ཡུལ་ཡིད་སྨོན་ས་ཞིག་བཟོས་རབས་བཤད།
6མཁའ་དབྱིངས་ཀྱི་སྤྲིན་ཚོམ་བྱང་དུ་རྒྱུ་ཞིང་། སྐྱ་ཀ་ཁྲ་མོས་གསུང་སྙན་བསྒྲགས་ཏེ། དེ་རིང་གི་གཞི་མགྲོན་གཉིས་འཛོམས་ཀྱི་དགའ་སྟོན་དེ་རྒྱན་རབས་བཟང་རབས་གླེང་བཞིན་འཕུར་ལྡིང་བྱེད། ཁོ་བོ་ནི་མ་བོས་མགྲོན་དུ་གྱུར་པས་མཚན་ལྗོངས་ཀྱི་ཉ་རྒྱས་ཟླ་གང་ལ་འཁྲེན་ནས་འོད་ཀྱི་ཟེགས་མ་ཞིག་སླད་ཀྱིས་མ་གོས་པའི་འཛུམ་པ་ཞིག་གི་ཚབ་ཏུ་ཁྱེད་ཀྱི་བཀྲ་ཤིས་པའི་ཉིན་མོའི་སྨོན་འདུན་ལ་ཕུལ་འདོད།
        ཁྱོད་ཀྱིས་ད་ནི་ཚེ་འཕྲོའི་གཏན་འདུན་རྙེད་ཅིང་སེམས་ཀྱི་གཞི་རྟེན་འགྲིག་པས། གཡུ་ཆུང་དྲུག་དཀར་འོད་ཀྱིས་བཟུང་ཡོད་ལས་ཆེ། མཁའ་མཐའི་སྤྲིན་དཀར་དང་ཡ་ཆུང་གི་གངས་དཀར་ཡང་། དྭངས་ཤིང་གསལ་ལ། འོད་ཀྱིས་འཚེར།
7ཤར་མཐའི་ཡུལ་ལུང་ན་ཤར་གྱི་གཡུ་ཆུང་དྲུག་དཀར་གནས་ཤིང་འདུག་པ་ད་ནི་བྱང་གི་གཞི་སྡོད་པར་གྱུར།
        འཚོ་བ་ནི་མངར་སྐྱུར་ཁ་གསུམ་སྟེ། ནམ་ཞིག་གི་ཚེ་འཚོ་བའི་གྲུ་ཟུར་ཞིག་ནས་སེམས་ཁ་གཙེས་དུས། སྡུག་ཡུས་དང་འཁང་ར་མ་བྱེད། སེམས་པ་ནང་ལ་འཁོར་ཏེ་མཚན་ལྗོངས་གྱི་མཁའ་དབྱིངས་སུ་གཟིགས་དང་། དེ་རུ་ཁྱོད་ལ་འཁྲེང་བའི་མིག་ཟུང་རྣོན་པོ་ཞིག་དང་སེམས་གཏམ་སྟོང་ཕྲག་གི་བསིལ་ཁ་ཡོད།
8མི་ཡུལ་གྱི་འགྲུལ་བཞུད་པ་འུ་ཅག་སྟེ། སྤྲོ་སྐྱིད་དང་དགའ་སྣང་གིས་འཚོ་བར་ཀུན་གྱིས་སྨོན་ཞིང་། མིག་ཆུ་དང་སྡུག་བསྔལ། རྔུལ་ཁྲག་གིས་གཏམས་པའི་ཁྲམ་ཤིང་དེ་མེད་ཚེ། དངོས་གནས་ཅིས་ཀྱང་དབེན་ལ། དོན་དུ་བདེ་སྐྱིད་ཅེས་པ་ཡང་ཅི་ཡིན་མི་ཤེས་གསལ་ཐག་ཆོད།
9རི་ལུང་དང་གཙང་པོའི་ཕ་རོལ་ད་ནས་བཟུང་ཁྱོད་ཀྱི་གཞིས་སྡོད་དུ་གྱུར་ཅིང་། ཁོ་བོར་མཚོན་ན་དེ་ནི་སེམས་པ་འཕྲེང་སའི་རྒྱུས་མེད་ཀྱི་ཡུལ་གྲུ་ཞིག་ལས་ཅི་ཡང་མིན།
10དེ་རིང་རིམ་འཕྲོར་བརྩེགས་པའི་དཔེ་དེབ་ལས་ཁྱོད་ཀྱིས་རྟེན་དུ་བཞག་པའི་པར་རིས་དེ་རྙེད་ཅིང་། འདས་ཟིན་གྱི་ལོ་ཟླའི་ཀློང་རིམ་དུ་ཕྱིར་མིག་ཐེངས་གཅིག་གིས་བལྟ་དགོས་བྱུང་། གཡུ་ཆུང་དྲུག་དཀར། དེ་ནི་ཁྱེད་ཉིད་དེ། འཕྲེང་ཞེན་དང་ཕྱི་མིག་ཙམ་ཡང་མེད་པར་གཞིས་ཡུལ་བསྐྱུར་ཏེ་གཞན་ཡུལ་འགྲིམས་པའི་བྱང་གི་གཡུ་ཆུང་དྲུག་དཀར།


རྩོམ་ཡིག་སྔོན་མ།
༄༅།། ང་ཡི་རང་ཁྱིམ་།
རྩོམ་ཡིག་རྗེས་མ།
༄༅།། ཚངས་དབྱངས་ལྷ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1