༄༅།། ཕྱག་གི་ཕན་ནུས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-07



 ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།

        ཕྱག་འཚལ་བ་ནི་ལུས་པོ་སྦྱོང་བརྡར་བྱེད་ཐབས་ཤིག་ཡིན་ལ། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ལྟར་ན། ཕྱག་འཚལ་བ་ལ་བསམ་གྱིས་མི་ཁྱབ་པའི་ཕན་ཡོན་སྣ་ཚོགས་ཡོད་པ་རེད།
        ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་བསམ་པའི་འཕྲོད་བསྟེན་ལྟེ་གནས་ཀྱིས་2009ལོར་ཁྱབ་བསྒྲགས་བྱེད་པའི་གྲངས་གཞིར་ལྟར་ན། རང་རྒྱལ་ནང་ཁུལ་དུ་སེམས་ཁམས་ཀྱི་ནད་རིགས་སྣ་ཚོགས་ཡོད་པའི་མི་གྲངས་དུང་ཕྱུར་གཅིག་ལས་བརྒལ་ཡོད་ལ། དེའི་ནང་ཧ་ཅང་ལྕི་བའི་ནད་པ་ཁྲི་1600ལྷག་ལས་བརྒལ། གྲངས་འདི་ལས་རྟོགས་ཐུབ་པ་ཞིག་ནི། མི་13ནང་དུ་མི་གཅིག་ལ་སེམས་ཁམས་ཀྱི་ནད་ཕོག་ཡོད་པ་དང་མི་100ཡི་ནང་དུ་སེམས་ཁམས་ཀྱི་ནད་ལྕི་མོ་ཕོག་ཡོད་པ་གཅིག་ཡོད།
        དུས་རབས་21ནང་མི་རྣམས་ཀྱི་འཚོ་བའི་གོམ་སྟབས་ཇེ་མགྱོགས་ཏུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་འགྲན་རྩོད་ཀྱང་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་འདུག སྤྱི་ཚོགས་འཕེལ་འགྱུར་དང་བསྟུན་ནས་མི་རྣམས་ཀྱི་ལུས་པོ་དང་སེམས་ཁམས་ཀྱི་བདེ་ཐང་ལ་གནད་དོན་ཚབས་ཆེན་བྱུང་དང་འབྱུང་བཞིན་ཡོད་ལ། སེམས་ཁམས་ཀྱི་ནད་ནི་དེང་རབས་ཀྱི་མི་རྣམས་ཀྱི་རྒྱུན་མཐོང་གི་ནད་ཞིག་ཏུ་གྱུར་ཡོད། དེ་བས། ཁམས་གསོ་དང་བདེ་སྲུང་སྐོར་གྱི་ཤེས་བྱ་ནི་ཀུན་གྱི་དོ་སྣང་བྱེད་པའི་གླེང་ཕྱོགས་ཞིག་ཏུ་གྱུར་ཡོད་ལ་དེ་སྐོར་གྱི་ཞིབ་འཇུག་ཡང་གྲངས་ལས་འདས། འདུ་ལོང་རྒོད་པའི་དེང་རབས་ཀྱི་སྤྱི་ཚོགས་ཁོར་ཡུག་ནང་དུ་ཆེས་བཟང་པའི་ངལ་གསོ་བྱེད་སྟངས་ནི་ལུས་སེམས་གཉིས་ཀ་ལྷོད་ལ་འབབ་ཏུ་བཅུག་པ་ལས་ལུས་སེམས་གཉིས་ལ་ངར་བསླངས་བ་དེ་མིན།
        ཕྱག་འཚལ་བ་ནི་ཚན་རིག་དང་མཐུན་པའི་ཆེས་སྦྱང་སླ་བའི་ལུས་པོ་སྦྱོང་བརྡར་བྱེད་ཐབས་ཤིག་ཡིན། དེ་ནི་ལོ་ཚད་དང་ས་གནས། ཕོ་མོ་དང་ནད་རིགས་ཀྱི་ཁྱད་མེད་པའི་དབྱང་ལྡན་ལུས་སྦྱོང་བྱེད་ཐབས་ཤིག་ཡིན་པ་དང་ཕྱག་འཚལ་བ་ནི་མིའི་རྐང་ལག་བརྐྱང་བསྐུམ་གང་མང་བྱེད་པའི་སྒོ་ནས་ལུས་པོའི་ཁྲག་རྩ་འགུལ་སྤྱོད་བྱེད་པ་ཡིན་པས། ཁྲག་གསོ་ཞིང་ལུས་ཕུང་བདེ་ཐང་དང་ཁྲག་རྩའི་འཁོར་སྐྱོད་སླར་གསོ་བྱེད་པ་སོགས་ཀྱི་ནུས་པ་ལྡན། ལུས་སྦྱོང་བྱེད་སྟངས་འདིའི་ཕྱི་ངོས་ནས་བལྟས་ན་འགུལ་སྐྱོད་ཆིག་རྐྱང་དང་བསྐྱར་ཟློས་མང་པར་མངོན་ཡང་དབུགས་འབྱིན་རྔུབ་ཆོས་ཉིད་དང་མཐུན་ཞིང་། སྤྱི་གཙུག་དང་རྐང་མཐིལ། དེ་མིན་དབུགས་ཁུང་ཁྲི་སྟོང་མང་པོ་བརྒྱུད་ནས་མིའི་ཁོག་པའི་དབུགས་རླུང་དང་མཉམ་དུ་འདྲེས། མཁལ་མའི་གྲང་རླུང་ཡར་བརྒྱུད་ནས་ཀླད་པ་གསལ་པོར་འགྱུར་པ་དང་། བསོགས་པའི་དྲོ་རླུང་མར་རྐང་ལག་གི་ཕྱོགས་སུ་བརྒྱུད་དེ་དྲོད་གྲང་སྙོམས་སྒྲིག་བྱེད། དྲོད་གྲང་སྙོམས་སྒྲིག་གི་ཆོས་ཉིད་དེ་རང་བྱུང་དུ་གྲུབ་ཅིང་དུས་ཡུན་རིང་བོར་མིའི་ཁོག་པར་བསོགས་པའི་བཙོག་དྲི་ཡོངས་ཕྱིར་བཏང་ནས་ལུས་སེམས་ཀྱི་ནད་གཞིའི་འབྱུང་རྩ་མེད་པར་བཟོ་པར་ཕན་ནུས་བླ་ལྷག་ལྡན།
        བསྡོམས་རྩིས་བྱས་པར་ལྟར་ན། 90%མིས་རྒྱུན་མ་ཆད་པར་ཟླ་བ་གསུམ་ལ་ཕྱག་འཚལ་རྗེས། རྒྱུན་ནད་ཁག་གཅིག་ལ་ལེགས་བསྒྱུར་ཆེན་པོ་བྱུང་ཡོད། དཔེར་ན། མཇིང་ཚིགས་དང་སྐེ་ཚིགས་ཀྱི་རྒྱུན་ནད། མགོ་ན་བ་དང་གཉིད་མི་ཁུག་པ། རྩ་འགག་པ་དང་དེང་སང་ཅུང་ཁྱབ་ཆེ་པའི་གཞུང་ལས་ཁང་གི་ཕྱོགས་བསྡུས་ནད་སོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་ནུས་ལྡན།
ཕྱག་འཚལ་བའི་ཕན་ཡོན་ལ་སྲོལ་རྒྱུན་གསོ་བ་རིག་པའི་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པར་མ་ཟད། དེང་རབས་གསོ་བ་རིག་པའི་ལག་ལེན་གྱི་གཞི་འཛིན་སའང་ཡོད། དེ་བས་ན་ཡུལ་དུས་དང་མི་སོ་སོའི་ལུས་པོའི་གནས་ཚུལ་དངོས་གཞིར་བཟུང་ནས་ཕྱག་འཚལ་བའི་ལུས་པོ་སྦྱོང་བརྡར་གྱི་བྱེད་ཐབས་འདི་ལག་ལེན་དུ་བསྟར་ནས་ལུས་སེམས་བདེ་ཐང་ལ་གཞོལ་བར་ཆེད་དུ་སྐུལ་བ་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1