༄༅།། འགན་འཁྲི་ཚད་ཡོད་ཀུང་སི་འཛུགས་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-10


        འགན་འཁྲི་ཚད་ཡོད་ཀུང་སིའི་མ་རྐང་འཇོག་མཁན་གྱིས་སོ་སོས་ཁས་བླངས་པའི་མ་དངུལ་འཇོག་གྲངས་ལྟར་ཀུང་སིར་འགན་འཁྲི་འཁུར་དགོས།
        འགན་འཁྲི་ཚད་ཡོད་ཀུང་སི་ཞེས་པ་དེ་ནི་མ་རྐང་འཇོག་མཁན་ལྔ་བཅུ་མན་གྱིས་མ་དངུལ་བཞག་སྟེ་བཙུགས་པ་ཡིན། 
གཅིག འགན་འཁྲི་ཚད་ཡོད་ཀུང་སི་འཛུགས་པར་གཤམ་གསལ་གྱི་ཆ་རྐྱེན་དག་འཛོམས་དགོས་པ་སྟེ།
(༡)མ་རྐང་འཇོག་མཁན་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་པ།
(༢)མ་རྐང་འཇོག་མཁན་གྱི་མ་དངུལ་འཇོག་གྲངས་ཁྲིམས་བཀོད་མ་རྩའི་ཚད་གཞི་དམའ་ཤོས་ཟིན་པ།
(༣)མ་རྐང་འཇོག་མཁན་རྣམས་ཀྱིས་མཉམ་དུ་ཀུང་སིའི་སྒྲིག་ཡིག་གཏན་འབེབས་བྱེད་པ།
(༤)ཀུང་སིའི་མིང་ཡོད་དགོས་པ་དང་། འགན་འཁྲི་ཚད་ཡོད་ཀུང་སི་འཛུགས་རྒྱུའི་བླང་བྱ་དང་མཐུན་པའི་རྩ་འཛུགས་ལས་ཁུངས་འཛུགས་པ།
(༥)ཀུང་སིའི་སྡོད་གནས་ཡོད་པ་བཅས་ཡིན།
        འགན་འཁྲི་ཚད་ཡོད་ཀུང་སིའི་སྒྲིག་ཡིག་ནང་གཤམ་གསལ་གྱི་དོན་ཚན་དག་འགོད་དགོས་པ་སྟེ།
(༡)ཀུང་སིའི་མིང་དང་སྡོད་གནས་དང་།
(༢)ཀུང་སི་གཉེར་སྐྱོང་བྱེད་ཁོངས།
(༣)ཀུང་སིའི་ཐོ་བཀོད་མ་རྩ།
(༤)མ་རྐང་འཇོག་མཁན་གྱི་རུས་མིང་ངམ་མིང་།
(༥)མ་རྐང་འཇོག་མཁན་གྱི་མ་དངུལ་འཇོག་སྟངས་དང་མ་དངུལ་འཇོག་གྲངས། མ་དངུལ་འཇོག་པའི་དུས་ཚོད།
(༦)ཀུང་སིའི་ཁོངས་གཏོགས་ལས་ཁུངས་དང་དེའི་འབྱུང་ཐབས་དང་། འགན་དབང་། གྲོས་དོན་གྱི་ལམ་སྲོལ།
(༧)ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་པ།
(༨)མ་རྐང་འཇོག་མཁན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱིས་གཏན་འབེབས་བྱ་དགོས་པ་འདུག་སྙམ་པའི་དོན་གཞན་དག་བཅས་ཡིན།
        མ་རྐང་འཇོག་མཁན་གྱིས་ཀུང་སིའི་སྒྲིག་ཡིག་ཐོག་མིང་རྟགས་འགོད་པ་དང་ཐེལ་ཙེ་རྒྱག་དགོས། 
        ཀུང་སི་འཛུཊ་སྐབས་ངེས་པར་དུ་བཅའ་ཁྲིམས་གཞིར་བཟུང་ནས་ཀུང་སིའི་སྒྲིག་ཡིག་བཟོ་དགོས་ཤིང་། ཀུང་སིའི་སྒྲིག་ཡིག་གིས་ཀུང་སི་དང་། མ་རྐང་འཇོག་མཁན། ལས་འཛིན་པ། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ལ་ཚོད་འཛིན་བྱེད་པའི་ནུས་པ་འཐོན་རྒྱུ། ཀུང་སིའི་གཉེར་སྐྱོང་བྱེད་ཁོངས་དེ་ཀུང་སིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱ་རྒྱུ་མ་ཟད་བཅའ་ཁྲིམས་གཞིར་བཟུང་ནས་ཐོ་འགོད་ཀྱང་བྱ་དགོས། ཀུང་སིས་ཀུང་སིའི་སྒྲིག་ཡིག་བཟོ་བཅོས་རྒྱག་ཆོག་པ་དང་གཉེར་སྐྱོང་བྱེད་ཁོངས་བསྒྱུར་ཆོག་མོད། འོན་ཀྱང་བསྒྱུར་བཅོས་ཐོ་འགོད་བྱེད་པའི་འགྲོ་ལུགས་འགྲེམ་དགོས། 
        འགན་འཁྲི་ཚད་ཡོད་ཀུང་སིའི་ཐོ་བཀོད་མ་རྩ་ནི་ཀུང་སི་ཐོ་འགོད་ལས་ཁུངས་སུ་ཐོར་བཀོད་པའི་མ་རྐང་འཇོག་མཁན་ཡོངས་ནས་ཁས་བླངས་པའི་མ་དངུལ་འཇོག་གྲངས་ཡིན། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་འགན་ཁྲི་ཚད་ཡོད་ཀུང་སིའི་དངོས་སུ་བཞག་པའི་ཐོ་བཀོད་མ་དངུལ་དང་ཐོ་བཀོད་མ་རྩའི་ཚད་ཉུང་ཤོས་ཐད་གཏན་འབེབས་ཡོད་ན། གཏན་འབེབས་དེ་ཉིད་གཞིར་བཞག་བྱ་དགོས། 
        མ་རྐང་འཇོག་མཁན་གྱིས་དངུལ་ལོར་མ་དངུལ་དུ་བཞག་ན་འགྲིག་ལ། དངོས་རྫས་དང་། ཤེས་རིག་ཐོན་དངོས་ཀྱི་བདག་དབང་། ས་ཆ་སྤྱོད་དབང་སོགས་དངུལ་ལོར་གྱིས་གོང་ཚད་ཚོད་རྩིས་བྱས་ཆོག་པ་མ་ཟད། བཅའ་ཁྲིམས་ལྟར་བཤུག་སྤྲོད་བྱེད་པའི་དངུལ་ལོར་མ་ཡིན་པའི་རྒྱུ་ནོར་གོང་ཚད་དུ་ཕབ་ནས་མ་དངུལ་བཞག་ཆོག་མོད། འོན་ཀྱང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་མ་དངུལ་གྱི་ཚབ་ཏུ་འཇོག་མི་རུང་པའི་རྒྱུ་ནོར་འདིའི་ཁོངས་སུ་མི་གཏོགས། 
        འགན་འཁྲི་ཚད་ཡོད་ཀུང་སིའི་མ་རྐང་འཇོག་མཁན་ཕན་ཚུན་བར་མ་རྐང་འཛིན་དབང་ཡོངས་རྫོགས་སམ་ཆ་ཤས་ནང་བཤུག་བྱས་ཆོག 
        མ་རྐང་འཇོག་མཁན་གྱིས་མ་རྐང་འཇོག་མཁན་ཕུད་པའི་མི་སྣར་མ་རྐང་འཛིན་དབང་ནང་བཤུག་བྱེད་ན་མ་རྐང་འཇོག་མཁན་གཞན་དག་གི་ཕྱེད་ཀ་ལས་བརྒལ་བས་མོས་མཐུན་བྱ་དགོས། མ་རྐང་འཇོག་མཁན་གྱིས་རང་གི་མ་རྐང་འཛིན་དབང་ནང་བཤུག་བྱེད་དོན་སྐོར་ཡིག་ཐོག་ནས་མ་རྐང་འཇོག་མཁན་གཞན་དག་ལ་བརྡ་ཐོ་བཏང་ནས་མོས་མཐུན་འཐོབ་པ་བྱ་དགོས་ཤིང་། མ་རྐང་འཇོག་མཁན་གཞན་དག་གིས་ཡིག་ཐོག་གི་བརྡ་ཐོ་ལག་འབྱོར་བྱུང་ཉིན་ནས་བཟུང་གི་ཉིན་སུམ་ཅུ་ལོན་ཀྱང་ལན་མ་བཏབ་ན་ནང་བཤུག་བྱ་རྒྱུའི་མོས་མཐུན་ཡོད་པར་བརྩི་རྒྱུ། མ་རྐང་འཇོག་མཁན་གཞན་དག་གི་ཕྱེད་ཀ་ཡན་བརྒལ་བས་ནང་བཤུག་བྱེད་པར་མོས་མཐུན་མི་བྱེད་ན། མོས་མཐུན་མེད་པའི་མ་རྐང་འཇོག་མཁན་གྱིས་ནང་བཤུག་བྱ་བའི་མ་རྐང་འཛིན་དབང་དེ་ཉིད་ཉོ་དགོས་པ་དང་། མ་ཉོས་ན་ནང་བཤུག་བྱ་རྒྱུའི་མོས་མཐུན་ཡོད་པར་བརྩི་རྒྱུ། 
        མ་རྐང་འཇོག་མཁན་གྱིས་མ་རྐང་འཛིན་དབང་ནང་བཤུག་བྱ་རྒྱུའི་མོས་མཐུན་བྱས་པ་ཡིན་ཕྱིན། ཆ་རྐྱེན་གཅིག་མཚུངས་འོག་མ་རྐང་འཇོག་མཁན་གཞན་དག་ལ་སྔོན་ཐོབ་ཀྱི་ཉོ་དབང་ཡོད། མ་རྐང་འཇོག་མཁན་གཉིས་ཡན་གྱིས་སྔོན་ཐོབ་ཀྱི་ཉོ་དབང་སྤྱོད་རྒྱུའི་འདོད་ཚུལ་བཟུང་ན། རང་སོ་སོའི་ཉོ་བྱའི་བསྡུར་ཚད་གྲོས་མོལ་བྱས་ནས་གཏན་འཁེལ་བྱ་རྒྱུ་དང་། གྲོས་ཁ་མ་མཐུན་ན། ནང་བཤུག་བྱེད་སྐབས་རང་རང་སོ་སོའི་མ་དངུལ་འཇོག་གྲངས་ཀྱི་བསྡུར་ཚད་ལྟར་སྔོན་ཐོབ་ཉོ་དབང་སྤྱོད་རྒྱུ། ཀུང་སིའི་སྒྲིག་ཡིག་ནང་མ་རྐང་འཛིན་དབང་ནང་བཤུག་བྱེད་པར་གཏན་འབེབས་ལོགས་སུ་ཡོད་ན་གཏན་འབེབས་དེ་ལྟར་བྱ་རྒྱུ། 

གཉིས། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་སི་ཞེས་པ་ནི་མ་རྐང་འཇོག་མཁན་རང་བྱུང་མི་གཅིག་གམ་ཡང་ན་མ་རྐང་འཇོག་མཁན་ཁྲིམས་ཚན་གཅིག་ཁོ་ན་ཡིན་པའི་འགན་འཁྲི་ཚད་ཡོད་ཀུང་སི་ལ་ཟེར། རང་བྱུང་མི་ཁེར་རྐྱང་གིས་མ་དངུལ་བཞག་ནས་མི་གཅིག་གི་འགན་འཁྲི་ཚད་ཡོད་ཀུང་སི་གཅིག་ལས་གཉེར་མི་རུང་། མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་སི་དེས་མ་དངུལ་བཞག་ནས་མི་གཅིག་གི་འགན་འཁྲི་ཚད་ཡོད་ཀུང་སི་གསར་པ་གཉེར་མི་ཆོག མི་གཅིག་གིས་གཉེར་བའི་འགན་འཁྲི་ཚད་ཡོད་ཀུང་སིའི་མ་རྐང་འཇོག་མཁན་གྱིས་ཀུང་སིའི་རྒྱུ་ནོར་རྣམས་མ་རྐང་འཇོག་མཁན་རང་ཉིད་ལ་དབང་བའི་རྒྱུ་ནོར་ཡིན་པའི་ར་སྤྲོད་བྱེད་མི་ཐུབ་པའི་རིགས། ཀུང་སིའི་བུ་ལོན་ཐད་ལེ་འབྲེལ་གྱི་འགན་འཁྲི་ཁུར་དགོས།།
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1