རྒྱལ་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-17


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན་གཉིས་ལ་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དངུལ་རྩ་ནི་རྒྱལ་ཁབ་ཀྱི་གལ་ཆེ་བའི་སྲོག་ཤིང་འགྲན་རྩོད་ནུས་ཤུགས་ཡིན་ལ། དངུལ་རྩ་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། དངུལ་རྩའི་ལམ་ལུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་གལ་ཆེ་བའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་ཡིན་པས། ངེས་པར་དུ་ཏང་གིས་དངུལ་རྩའི་བྱ་བར་མགོ་ཁྲིད་པར་ཤུགས་སྣོན་པ་དང་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དངུལ་རྩ་འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་དགོས་ལ། དངོས་གཟུགས་དཔལ་འབྱོར་ལ་ཞབས་ཕྱི་སྒྲུབ་པ་དང་དངུལ་རྩའི་ཉེན་ཁར་འགོག་སྲུང་བྱེད་པ། དངུལ་རྩ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་བཅས་ལས་འགན་ཆེན་པོ་གསུམ་ལ་དམིགས་ཏེ། དངུལ་རྩ་སྙོམས་སྒྲིག་ཚོད་འཛིན་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་། དེང་རབས་དངུལ་རྩ་ཁེ་ལས་ལམ་ལུགས་ཆ་ཚང་དུ་གཏོང་དགོས་ལ། དངུལ་རྩའི་ཚོང་རའི་མ་ལག་འཐུས་ཚང་དུ་བཏང་ནས་དེང་རབས་དངུལ་རྩའི་ལྟ་རྟོག་དོ་དམ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་དངུལ་རྩའི་འཕེལ་རྒྱས་རྣམ་པ་མྱུར་དུ་བསྒྱུར་དགོས་ལ། དངུལ་རྩའི་ཁྲིམས་སྐྱོང་ཆ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་ལ་འགན་སྲུང་བྱས་ནས་དཔལ་འབྱོར་དང་དངུལ་ལོར་འཁོར་རྒྱུག་བཟང་བོ་བྱེད་པ་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་གསུངས། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཐོག་ཏུ་གཏམ་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཡུས་ཀྲེན་ཧྲིན་དང་ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་དངུལ་རྩའི་བཅོས་སྒྱུར་འཕེལ་རྒྱས་ཐད་གྲུབ་འབྲས་བཟང་བོ་ཐོབ། དངུལ་རྩའི་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ཞིང་དངུལ་རྩའི་ཐོན་རྫས་ཉིན་རེར་ཕུན་སུམ་ཚོགས་པར་གྱུར་བ་དང་། དངུལ་རྩའི་ཞབས་ཕྱི་ཡོངས་ཁྱབ་རང་བཞིན་དུ་ཇེ་དྲག་ལ་སོང་ཞིང་དངུལ་རྩའི་བཅོས་སྒྱུར་གོ་རིམ་ལྡན་པར་ལག་བསྟར་བྱས་པ་དང་། དངུལ་རྩའི་མ་ལག་མུ་མཐུད་ནས་འཐུས་ཚང་དུ་གྱུར་ཞིང་། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དང་དངུལ་རྩས་ཕན་ཚུན་ལ་སྒོ་འབྱེད་བྱས་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དངུལ་རྩའི་ལྟ་རྟོག་དོ་དམ་ལེགས་བཅོས་བྱས་ནས། ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་གཏན་འགོག་བྱེད་པའི་ནུས་པ་ཇེ་ཆེར་གྱུར་ཟེར། 
        ཞི་ཅིན་ཕིང་གིས་གསུང་རྒྱུར། དངུལ་རྩའི་བྱ་བ་བཟང་བོར་སྒྲུབ་སྐབས་གཤམ་གྱི་རྩ་དོན་གལ་ཆེན་འགའ་གསལ་བོར་ཤེས་པར་བྱ་དགོས། གཅིག ངོ་བོ་སྲུང་འཛིན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབ་པ་དང་ལེན་བྱེད་དགོས། གཉིས། སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། དངུལ་རྩའི་ཚོང་ར་དང་དངུལ་རྩའི་སྒྲིག་གཞི། དངུལ་རྩའི་ཐོན་རྫས་མ་ལག་འཐུས་ཚང་དུ་གཏང་དགོས། གསུམ། ལྟ་རྟོག་དང་དོ་དམ་ལ་ཤུགས་བསྣན་ཏེ་དངུལ་རྩའི་ཉེན་ཁ་འགོག་སྲུང་དང་ཞི་འཇགས་སུ་གཏོང་བའི་ནུས་པ་ཇེ་ཆེར་གཏང་དགོས། བཞི། ཚོང་ར་ཁྲིད་ཕྱོགས་བྱས་ཏེ་ཚོང་རས་དངུལ་རྩའི་ཐོན་ཁུངས་སྒྲིག་སྦྱོར་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དགོས་པ་བཅས་རེད། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་ཐག་རྦད་ཆོད་སྒོས་དངུལ་རྩའི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། དངུལ་རྩའི་སྒྲིག་གཞི་མ་ལག་ལེགས་སྒྱུར་བྱས་ཏེ་རྒྱལ་དབང་དངུལ་རྩའི་མ་རྩའི་དོ་དམ་འཐུས་ཚང་དུ་གཏོང་བ་དང་། ཕྱི་དངུལ་ཚོང་རའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དེང་རབས་དངུལ་རྩ་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཀུང་ཟིའི་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། མ་རྐང་དབང་ཆའི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་ཕན་ནུས་ལྡན་པའི་ཚོད་འཛིན་རྐྱེན་སྲོལ་འཛུགས་དགོས་ལ། ཉེན་ཁ་ནང་ཁུལ་དུ་ཚོད་འཛིན་བྱེད་པའི་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཕྱི་ཕྱོགས་ཚོང་རའི་ཚོད་འཛིན་ལ་ཤུགས་སྣོན་དགོས། དངུལ་རྩའི་ལྟ་རྟོག་དོ་དམ་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་ལྟ་རྟོག་དོ་དམ་གྱི་མི་འདང་ས་ཁ་གསབ་བྱ་དགོས། དངུལ་རྩ་དོ་དམ་ལས་ཁུངས་ཀྱིས་ཧུར་ཐག་སྒོས་འགན་འཁྲི་ལག་བསྟར་བྱེད་པ་དང་སྤོབས་པ་ཆེན་པོས་ལྟ་རྟོག་དོ་དམ་བྱེད་པ། འགན་འདྲི་ལག་བསྟར་ནན་མོ་བྱེད་པ་བཅས་ཀྱི་ལྟ་རྟོག་དོ་དམ་འདུ་ཤེས་གསོ་སྐྱོང་བྱ་དགོས། ཉེན་ཁར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་རྒྱག་པ་དང་སྔ་མོ་ནས་ལག་བསྟར་བྱེད་པའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་། དངུལ་རྩའི་རྨང་གཞིའི་སྒྲིག་ཆས་ཀྱི་གཅིག་གྱུར་ལྟ་རྟོག་དོ་དམ་དང་མཉམ་སྦྲེལ་མཉམ་མཐུད་བྱེད་པར་ཤུགས་བསྣན་ནས། དངུལ་རྩ་ལས་རིགས་ཀྱི་ཕྱོགས་བསྡུས་སྡོམ་རྩིས་དང་ལྟ་རྟོག་དོ་དམ་ཆ་འཕྲིན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས་ཞེས་གསུངས། 
        ཞི་ཅིན་ཕིང་གིས་གསུང་རྒྱུར། དངུལ་རྩའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དགོས། མི་དམངས་ཤོག་སྒོར་གྱི་འཛའ་ཐང་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། བརྟན་འཇགས་སྒོས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། ཧུར་ཐག་སྒོས་དངུལ་རྩ་ལས་རིགས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་དང་ལུགས་མཐུན་སྒོས་སྒོ་འབྱེད་གོ་རིམ་བཀོད་སྒྲིག་བྱ་དགོས་ལ། དངུལ་རྩའི་འཛད་སྤྱོད་མཁན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད་པ་དང་དངུལ་རྩའི་གོ་རིམ་འགྲན་རྩོད་ལ་ཕན་པ་ཡོད་པ། དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་པར་ཕན་པ་ཡོད་པའི་རྐྱེན་སྲོལ་མྱུར་དུ་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་དངུལ་རྩའི་གསར་སྐྲུན་ལག་བསྟར་བྱས་ཏེ་འབྲེལ་ཡོད་ལམ་ལུགས་ཇུས་འགོད་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་ནན་གྱིས་གསུང་རྒྱུར། གནས་བབ་གསར་བའི་འོག་གི་དངུལ་ལོར་བྱ་བ་བཟང་བོར་བསྒྲུབ་དགོས་ན། ཏང་ཀྲུང་དབྱང་གི་དངུལ་རྩ་བྱ་བའི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། དངུལ་རྩ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་ཁག་ཐེག་བྱེད་པ་དང་། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དངུལ་རྩའི་ཁོངས་གཏོགས་ཀྱི་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། གོ་གནས་གཙོ་བོར་གཙིགས་འཛིན་བྱེད་པ། མི་སྣ་གཙོ་བོ་དང་ཁྱད་པར་དུ་མགོ་ཁྲིད་པ་དང་པོར་ལྟ་སྐུལ་བྱེད་དགོས། ཁེ་ལས་ཀྱི་ཏང་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་པ་དང་། ཕུགས་བསམ་དང་ཡིད་ཆེས་སློབ་གསོར་གཙིགས་འཛིན་བྱེད་དགོས་ལ། ཏང་གཤིས་སློབ་གསོ་དང་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་དགོས་པར་མ་ཟད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལའང་གཙིགས་འཛིན་བྱེད་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་སྤྱོད་ཚུལ་བཟང་བ། བྱེད་སྒོ་བྱང་ཆུད་པ་བཅས་ཀྱི་དངུལ་རྩའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་པ་དང་། ཁྱད་པར་དུ་དངུལ་ལོར་ཐད་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ནས། སྤྱོད་ཡོན་གཉིས་ལྡན་གྱི་ཆུ་ཚད་མཐོ་བའི་དངུལ་རྩའི་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱ་དགོས་ཞེས་བསྟན། 
        ལི་ཁེ་ཆང་གིས་གཏམ་བཤད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེངས་འདིའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་པ། ལག་ལེན་མཐར་ཕྱིན་བཅས་བྱ་དགོས། དངུལ་རྩ་ནི་རྒྱལ་ཁབ་ཀྱི་སྲོག་རྩ་དང་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྩ་ཡིན་པས། དངོས་གཟུགས་དཔལ་འབྱོར་ལ་ཞབས་ཕྱི་སྒྲུབ་པ་དེ་གཞི་རྩའི་དམིགས་འབེན་དུ་བརྩི་བ་དང་། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་སྔོན་འགོག་དང་མེད་པར་གཏོང་རྒྱུ་དེ་དམིགས་འབེན་གཙོ་བོར་བརྩི་བ། དངུལ་རྩ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དེ་གཞི་རྩའི་སྒུལ་ཤུགས་སུ་བརྩི་བ་བཅས་བྱས་ཏེ། དཔལ་འབྱོར་དང་དངུལ་རྩ་འཁོར་རྒྱུག་བཟང་བོ་བྱེད་པར་སྐུལ་འདེད་གཏང་དགོས། དངུལ་རྩ་སྙོམས་སྒྲིག་ཚོད་འཛིན་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། བརྟན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ། དངུལ་ལོར་དང་ཡིད་རྟོན་དངུལ་བུན་འོས་འཚམ་སྒོས་འཕེལ་རྒྱས་སུ་གཏོང་བ་དང་འཁོར་སྐྱོད་རང་བཞིན་གྱི་གཞི་རྩའི་བརྟན་འཇགས་རྒྱུན་འཁྱོངས་བྱས་ནས། དངོས་གཟུགས་དཔལ་འབྱོར་གྱི་དངུལ་རྩའི་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་གཏང་དགོས། ཀུན་ཕན་དངུལ་རྩ་ཧུར་ཐག་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ། ཞིང་གསུམ། གནད་ཕིགས་དབུལ་ཐར་བཅས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཞན་སར་རྒྱབ་སྐྱོར་བྱེད་པ་དང་། དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས། གསར་གཏོད་ཡར་སྐུལ་འཕེལ་རྒྱས་དང་སྒུལ་ཤུགས་གསར་རྙིང་སྤོ་སྒྱུར་བྱེད་པ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དང་བཅོས་སྒྱུར་བྱེད་ཐབས་གལ་ཆེན། བཟོ་སྐྲུན་འཛུགས་སྐྲུན་གལ་ཆེན་བཅས་ཀྱི་དངུལ་ལོར་ཞབས་ཞུའི་བྱ་བ་བཟང་བོར་སྒྲུབ་དགོས། དངུལ་རྩ་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བྱ་བའི་ཁྲིམས་སྐྱོང་དང་ཡིད་རྟོན། ཤེས་ལྡན་མི་སྣའི་འགན་སྲུང་ལ་གཙིགས་འཛིན་བྱེད་པ་དང་། དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་བཟང་བོ་བསྐྲུན་ཏེ། ཕན་འབྲས་བཟང་བའི་དངུལ་ལོར་ཞབས་ཞུར་བརྟེན་ནས་དཔལ་འབྱོར་མུ་མཐུད་དུ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན། །
     


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1