གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

བདེ་ཆེན་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། བཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༧ཚེས་༡༧ཉིན།

༄༅།། རྩི་ཤིང་ལས་འཕྲོས་པའི་སེམས་ཁྲལ།

        དེ་རིང་སྔ་དྲོར་སློབ་ཐུན་ཞིག་ཡོད་པས། ནམ་རྒྱུན་བཞིན་སྔ་མོ་ནས་སློབ་ཁང་ནང་དུ་སོང་སྟེ་སློབ་ཁྲིད་ལ་གྲ་སྒྲིག་བྱེད་ཞོར་རྣམ་རིག་ཀྲོང་ཀྲོང་གིས་སློབ་བུ་རྣམས་སློབ་ཁང་ནང་དུ་འོང་བར་བསྒུགས་ནས་བསྡད་པ་ཡིན། དེ་རིང་གི་ཁྲིད་བྱ་ནི་ང་ལ་མཚོན་ན་ཆེས་ཁྲིད་པར་མི་སྤྲོ་བའམ་ཡིད་ཧ་ཅང་སུན་པར་བྱེད་པའི་ནང་དོན་དཀའ་རྙོག་དང་ལྡན་པའི་རིགས་མཐུན་ཐ་སྙད་སྦྱོང་བའི་ནང་དོན་ཞིག་ལ་ཁེལ་འདུག རིགས་མཐུན་ཐ་སྙད་སློབ་ཁྲིད་བྱེད་སྐབས། སློབ་ཐུན་ཧྲིལ་པོའི་དུས་ཚོད་དང་སེམས་ཤུགས་ཡོངས་སུ་སྤྱད་ནས་ཐ་སྙད་རྐྱང་རྐྱང་ལ་དབྱེ་ཞིབ་བྱས་ནས་ཁྲིད་བྱའི་ནང་དོན་མཇུག་བསྡུ་རག་བར་དུ་དེ་ལ་འཐམ་དགོས་པར་མ་ཟད། སློབ་བུ་རྣམས་ཀྱིས་ཀྱང་སུན་སྣང་དང་འགྲོགས་ཏེ་མི་འདོད་བཞིན་དུ་ཨུ་ཚུགས་མཐར་སྐྱེལ་བྱ་དགོས་པས་དོན་དངོས་སུ་ངེད་དགེ་སློབ་ཡོངས་རིགས་མཐུན་ཐ་སྙད་གསེད་འགྲོལ་བྱེད་པར་མོས་པ་ཡེ་ནས་མི་འདུག
        དེ་ལྟ་ནའང་། ཁྲིད་བྱའི་ནང་དོན་དེ་སྐྱུར་ཐབས་མི་འདུག་པས་དེའི་ཐོག་ཏུ་མི་འབབ་ག་མེད་བྱུང་། དེ་རིང་གི་ཁྲིད་བྱའི་ནང་དོན་ནི་རིགས་མཐུན་ཐ་སྙད་ལས་རྩི་ཤིང་གི་སྐོར་ཡིན་པས་དགེ་སློབ་ཡོངས་རྩི་ཤིང་སྣ་ཚོགས་ཀྱི་མིང་དང་ཁྱད་ཆོས། ངོ་བོ་དང་བྱེད་ནུས་སོགས་ཀྱི་ནང་དུ་སླར་ཡང་སེམས་ངལ་ཆེན་པོས་འཇུག་དགོས་བྱུང་སོང་། ལོ་རིམ་བཞི་པའི་སྐབས་སུ་བསླབ་ཟིན་པའི་རིགས་མཐུན་ཐ་སྙད་ལ་ལུས་ཕུང་གི་སྐོར་གྱི་རིགས་མཐུན་ཐ་སྙད་དང་ཕྱུགས་ཀྱི་དབྱེ་བའི་སྐོར་གྱི་རིགས་མཐུན་ཐ་སྙད་སོགས་ཡོད་ལ། དེ་དག་ཁྲིད་སྐབས་སློབ་མའི་མོས་པ་ཇི་ལྟར་གསོ་སྐྱོང་བྱེད་དགོས་པའི་ཐད་ནས་དངོས་ཤུགས་གང་རུང་ནས་བསམ་བློ་གཏོང་ཁུལ་བྱས་ཏེ་ལག་ལེན་དུ་ཅི་ཐུབ་ཀྱིས་བཀོལ་བར་འབད་པ་བྱས་ནའང་སློབ་བུ་རྣམས་ཀྱི་ཡིད་ཀྱི་དང་བ་དང་སྤྲོ་བ་ཁྱད་པར་བ་ཞིག་འདྲེན་མ་ཐུབ་པས། ངང་ངམ་ཤུགས་ཀྱིས་རང་ཉིད་ཀྱང་རིགས་མཐུན་ཐ་སྙད་ཁྲིད་པར་སུན་སྣང་སྐྱེ་བ་ཞིག་ཏུ་གྱུར་འདུག འོན་ཀྱང་དེ་རིང་གི་སློབ་ཁྲིད་ཁྲོད་ཀྱི་སྣང་ཚུལ་དམིགས་བསལ་བ་འགའ་ཡིས་ང་ལ་དེ་སྔའི་བསམ་གཞིག་བྱེད་སྟངས་དང་མི་མཚུངས་པའི་ཁ་ཕྱོགས་ཤིག་གནང་བྱུང་།
        དེ་རིང་ང་ཚོས་སྦྱང་བྱ་ལས་རྩི་ཤིང་མང་པོ་ཞིག་ནི་རི་མཐོ་ས་གཙང་གི་གངས་ཅན་ཁ་བའི་ལྗོངས་སུ་གནས་པ་དང་། འབྲོག་སྦྲ་ནག་ཅན་གྱི་འཚོ་བའི་ཁྲོད་རྟག་པར་མཐོང་ཐུབ་པ་ཤ་སྟག་ཡིན་པས། སློབ་མར་བསམ་གཞིག་གཏོང་དུ་བཅུག་ནས་རེ་རེ་བཞིན་རང་ཉིད་ལ་ཆ་རྒྱུས་མངའ་བའི་རི་མཐོ་ས་གཙང་གི་གངས་ཅན་ཁ་བའི་ལྗོངས་ཀྱི་རྩི་ཤིང་ལྟ་ན་སྡུག་པ་དེ་དག་གི་མིང་དང་ཁྱད་ཆོས། ངོ་བོ་དང་བྱེད་ནུས་སོགས་ངོ་སྤྲོད་བྱེད་པར་བསྐུལ་པ་ཡིན། རང་ཉིད་ཀྱི་སེམས་སུ་སློབ་བུ་ཚོས་རང་ས་བསིལ་མོའི་ལྗོངས་ཀྱི་གླང་མ་དང་སུ་རུ། སྤེན་མ་དང་ཐང་ཁྲོམ། སྣེའུ་སོགས་གདམ་ངེས་ཡིན་སྙམ། རྒྱུ་མཚན་ནི་དེ་དག་ཚང་མ་འབྲོག་ས་འབྲོག་ཡུལ་ལ་སྐྱེས་ཡོད་པར་མ་ཟད་འབྲོག་པ་རྣམས་ལ་ཆེས་ཆ་རྒྱུས་ཡོད་པའི་རྩི་ཤིང་ཡིན་པས་སོ། ། འོན་ཀྱང་སློབ་བུ་ཚོས་ལན་འདེབས་ཚུལ་ནི་བློ་ཡུལ་ལས་འགོངས་པ་ཞིག་རེད་འདུག སློབ་བུ་ཚོས་རང་ཡུལ་བསིལ་མོའི་ལྗོངས་ཀྱི་གླང་མ་དང་སུ་རུ། སྤེན་མ་དང་ཐང་ཁྲོམ། སྣེའུ་སོགས་ཀྱི་མིང་དང་ཁྱད་ཆོས། ངོ་བོ་དང་བྱེད་ནུས་སོགས་ཁྱོན་ནས་མི་ཤེས་པར། ལྡོག་སྟེ་ཁོ་ཚོས་ལག་པ་བསྒྲེངས་ཏེ་ཚེགས་མེད་དུ་ངོ་སྤྲོད་ཐུབ་པ་དང་བརྗོད་ཡོང་བ་དག་ནི་ཚ་བའི་ཡུལ་ན་སྐྱེས་པའི་བེ་ཏ་དང་བུ་རམ་ཤིང་། སྨྱུག་མ་སོགས་ཡིན་ལ། དཔེར་ན། བེ་ཏ་ནི་ས་དྲོ་སར་སྐྱེས་ལ་རྟག་པར་སྔོ་བའི་ཤིང་སྡོང་ཧ་ཅང་ཆེན་པོ་ཞིག་ཡིན་པ་ཤེས། དེའི་ཁུ་བ་ནི་བཏུང་བ་ཞིམ་པོ་ཞིག་ཡིན་པ་ཤེས། ཤིང་ཏོག་གི་ཤུན་པས་ཉ་རྒྱ་བཟོ་ཐུབ་པ་ཤེས། ལོ་མས་ཁང་པའི་ཀླད་བཀབ་ཆོག་པ་ཤེས་ཤིང་། དེ་དག་གི་ཁྱད་ཆོས་དང་བྱེད་ནུས་སོགས་རེ་རེ་བཞིན་ངོ་སྤྲོད་ཐུབ་པར་མ་ཟད། བེ་ཏའི་སྡོང་པོ་རི་མོར་འབྲི་ཐུབ་ལ་ལོ་མ་སོགས་བྲིས་པ་གསོན་ཉམས་ལྡན། གླང་མ་དང་སུ་རུ་སོགས་ཀྱི་ཁྱད་ཆོས་དང་བྱེད་ནུས་བཤད་དུ་བཅུག་ཚེ་ཤེས་མཁན་གཅིག་ཀྱང་མི་འདུག སྣང་ཚུལ་དམིགས་བསལ་བ་དེས་ང་རང་དངོས་གནས་ཧ་ལས་སུ་བཅུག་སོང་། དེ་ནས་སློབ་བུ་དེ་དག་ལ་རྒྱུས་ལོན་བྱས་པ་ལྟར་ན་སློབ་བུ་རེ་འགའ་ཡི་ཕ་མས་ཚོང་ཁང་དང་ཟ་ཁང་སོགས་གཉེར་ཏེ་མཁར་གྲོང་སོགས་སུ་ཡོད་པ་ལས། མང་ཤས་ནི་འབྲོག་ས་འབྲོག་ཡུལ་ནས་འཚར་ལོངས་འབྱུང་བཞིན་པ་ཏག་ཏག་ཡིན། རྒྱུ་མཚན་དེའི་ཕྱིར་དེ་རིང་གི་ཚོགས་ཐོག་ཏུ་བྱུང་བའི་སྣང་ཚུལ་དེས་ང་རང་ལ་བརྗོད་དཀའ་བའི་ཚོར་བ་ཤུགས་དྲག་པོ་ཞིག་སྦྱིན་བྱུང་ལ། ཚོགས་ཐོག་ནས་སློབ་བུ་ཚོར་རྒྱུ་མཚན་ཡང་དྲིས་པ་ཡིན་མོད། ང་རང་ལ་ཡིད་མགུ་བའི་ལན་འདེབས་མཁན་གཅིག་ཀྱང་མ་མཆིས། ལོས་ཡིན་ཏེ་སྣང་ཚུལ་ངོ་མཚར་བ་དེར་རང་ཉིད་ཀྱིས་ཀྱང་ལན་འདེབས་དཀའ་བས་སོ། །
        འབྲོག་ཕྲུག་རྣལ་མ་རྣམས་ཀྱིས་རང་ཉིད་འཚར་ལོངས་འབྱུང་སའི་ཁོར་ཡུག་ཏུ་འགྲོས་འགྲོས་གཤིབ་གཤིབ་ངང་ཡོད་པའི་རྩི་ཤིང་དག་ངོས་མི་ཟིན་པར། རང་ཉིད་དང་བར་ཐག་རྒྱང་གྲགས་ཀྱིས་མི་ཆོད་པའི་ཚ་བའི་ཁུལ་དུ་སྐྱེས་པའི་རྩི་ཤིང་ལ་ཆ་རྒྱུས་ཞིབ་གསལ་ལྡན་པའི་སྣང་ཚུལ་ཡ་མ་བརླ་འདི་ལ་བསམ་གཞིག་ག་འདྲ་བྱས་ཀྱང་གཤམ་གྱི་ཕྱོགས་འགའ་མ་གཏོགས་འགྲེལ་རྒྱག་བྱེད་ཅིག་རྙེད་མ་བྱུང་། དེང་སང་འབྲོག་ཁུལ་གྱི་ས་ཆ་གང་ཡིན་ནའང་ཡུལ་སྲོལ་གོམས་གཤིས་དང་འཚོ་བ་རོལ་སྟངས། འཚོ་སྡོད་ཁོར་ཡུག་ཀུན་ལ་འགྱུར་ལྡོག་ཆེན་པོ་འབྱུང་གིན་ཡོད་དེ། དེ་སྔོན་གྱི་རང་བྱུང་ཁམས་དང་བར་ཐག་ཉེ་བའི་འཚོ་སྡོད་ཀྱི་ཁོར་ཡུག་དང་བར་ཐག་རིང་དུ་ཕྱིན་ཏེ། གྲོང་གསར་གྱི་འཚོ་བའི་རྣམ་པར་གནས་པ་དང་། ཡང་ན་ཕ་མ་ཚོས་འབྲོག་ས་ན་འབྲོག་ལས་ལ་མི་ཁོམ་པར་ཡོད་ཀྱང་། བུ་ཕྲུག་རྣམས་ཟས་གང་ཞིམ་དང་གོས་གང་ཡག་དང་གནས་གང་སྐྱིད་སོགས་སྐྱིད་དགའ་ལོངས་སྤྱོད་ཀྱི་དཀྱིལ་ན་རྒྱལ་སྲས་ལྟ་བུའི་འཚོ་བ་རོལ་ཏུ་བཅུག་དང་འཇུག་གིན་པས། རང་ས་རང་ཡུལ་ལ་ངོས་ཟིན་བསྐྱེད་པའི་གོ་སྐབས་ཉུང་དུ་སོང་ཡོད་པ། གློག་བརྙན་དང་བརྙན་འཕྲིན་སོགས་ཀྱི་ནང་གི་གཞན་གྱི་ཡུལ་སྲོལ་དང་སྐད་ཆ་མང་པོའི་བག་ཆགས་ཐེབས་དྲགས་ནས་རང་རྒྱུས་རང་གིས་མ་ལོན་པར་ཤེས་རྨོངས་སུ་གྱུར་ཏེ། མཇུག་འབྲས་དེ་འདྲ་བྱུང་བ་མིན་ནམ་སྙམ་ལ། ཡང་ན་སློབ་བུ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁོར་ཡུག་ལ་ལྟ་ཞིབ་དང་མཉམ་འཇོག་བྱེད་པའི་གོམས་གཤིས་མི་ལྡན་ལ། རང་ཉིད་དང་ཐད་ཀར་འབྲེལ་བ་མེད་ཚེ་མཐའ་འཁོར་གྱི་ཡོད་ཚད་ལ་ཇི་མི་སྙམ་པའི་འདུ་ཤེས་འཛིན་པ་སོགས་ཀྱིས་ཀྱང་རེད། གཞན་དུ་རང་ལུས་ཕ་ས་ཕ་ཡུལ་ལ་གནས་ཀྱང་ནམ་རྒྱུན་ཁང་པའི་ནང་ནས་བརྙན་འཕྲིན་དང་ཁ་པར་སོགས་ལ་བལྟ་བར་མོས་པ་ཆེ་བས། རང་ཉིད་དང་བར་ཐག་རྒྱང་གྲགས་ཀྱིས་མི་ཆོད་པའི་ཚ་བའི་ཁུལ་ལ་སྐྱེས་པའི་བྱ་དངོས་ལ་ཆ་རྒྱུས་མངའ་བ་དེ་སྨྱན་ལམ་དག་བརྒྱུད་ནས་ཤེས་སོང་བ་ཡིན་མོད། དེའི་ཞོར་དུ་ཕ་ཡུལ་བསིལ་མོའི་ལྗོངས་ཀྱི་བྱ་དངོས་དག་ཀྱང་རིམ་བཞིན་མག་མོག་དང་རབ་རིབ་ཅན་དུ་བཏང་སོང་བ་མ་ཡིན་ནམ།
        སློབ་སྐབས་སྔོན་མར་རིགས་མཐུན་ཐ་སྙད་ལས་ཕྱུགས་ཀྱི་དབྱེ་བའི་སྐོར་ཁྲིད་སྐབས་ཀྱང་རྟ་ནོར་ལུག་གསུམ་གྱི་ལོ་གྲངས་རྩ་བ་ནས་བརྩི་མི་ཤེས་པར། སློབ་ཁང་ཕྱི་རོལ་ནས་ཉན་ཚེ་རྟ་ནོར་ལུག་གསུམ་ལ་ཆ་རྒྱུས་ཅི་ཡང་མེད་པའི་མི་རིགས་གཞན་གྱི་སློབ་མ་འགའ་ལ་སློབ་ཁྲིད་བྱེད་པ་མིན་ནམ་སྙམ་པའི་སྣང་བ་སྐྱེ་སྲིད། ཡིན་ཡང་སྐབས་ཐོག་དེར་བདག་གིས་བྱིས་པ་དག་ལོ་ཆུང་བས་མ་ཤེས་པ་ཡིན་པར་འདོད་པ་ཡིན། འོན་ཀྱང་དེ་རིང་གི་ཁྲིད་བྱའི་ནང་དོན་ཁྲོད་བྱུང་བའི་སྣང་ཚུལ་དེས་མངོན་སུམ་གསལ་རྗེན་དུ་དེ་འདྲ་ཞིག་མིན་པ་ར་སྤྲད་འདུག གཞན་རྗེས་འབྲངས་དྲགས་པས་རེད་དམ་གཞན་ལྟ་མཆོག་འཛིན་ལ་གོམས་སོང་བས་རེད། ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཡུལ་སྲོལ་གོམས་གཤིས་དང་སྣོད་བཅུད་ཀྱི་བྱ་དངོས་སོགས་དེ་ལྟར་མག་མོག་དང་རབ་རིབ་ཅན་དུ་འགྱུར་བཞིན་འདུག་ལ། སོ་སོའི་སེམས་སུ་མ་དག་རྒྱུན་འབྱམས་སུ་སོང་བའི་ལྟ་བ་ཕུང་གསུམ་པ་ཞིག་མཆིས་པ་ནི་རང་ཉིད་དང་འབྲེལ་འདྲིས་ཡོད་པའམ་རང་རིགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན་རིན་ཐང་མེད་པ་དང་གཞན་རིགས་ཀྱི་ཡོད་ཚད་མཆོག་དང་རབ་ཏུ་བགྲངས་ནས་ལད་ཟློས་དང་རྗེས་འཇུག་བྱེད་པར་མ་བགྲོས་རང་མཐུན་ངང་བྲེལ་འདུག་པས། གོམས་སྲོལ་ངན་པ་དེ་དག་གི་བསྐྱེད་འབྲས་ནི་དེ་ཙམ་ཞིག་ལོས་ཡིན་སྙམ་པའི་ཚོར་བ་ཞིག་དངངས་འདར་ཞིག་དང་ལྷན་དུ་སྐྱེས་བྱུང་། གང་ལྟར་དེ་རིང་གི་ཚོགས་ཐུན་སྐབས་ཀྱི་སྣང་ཚུལ་དེས་ང་རང་བསམ་གཞིག་གི་ཀློང་དུ་ཁྲིད་བྱུང་ལ། ཚོགས་ཐུན་གྲོལ་རྗེས་ཐད་ཀར་གཞུང་ལས་ཁང་དུ་སླེབས་ནས་སློབ་ཁྲིད་སྐབས་ཀྱི་གནས་ཚུལ་དེར་འབྲས་མེད་ཀྱི་སེམས་ཁྲལ་མང་པོ་བྱེད་དགོས་པ་བྱུང་། །

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1