༄༅།། བོད་ལུགས་གསོ་རིག་གི་ནད་ཐོག་ལག་ལེན་བྱེད་སྟངས་སྐོར་གྱི་གནས་བབ་ཅུང་ཙམ་གླེང་བ་ཉམས་ཆུང་བུང་བའི་མགྲིན་སྒྲ།

རྩོམ་སྒྲིག་པ། གཡུང་དྲུང་ཚེ་རིང་། ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 07-18


དང་པོ། བོད་ལུགས་གསོ་རིག་གི་སྨན་བཟོ་ལག་རྩལ་གྱི་གནས་བབ་བཤད་པ།
        དེང་དུས་བོད་ལུགས་གསོ་རིག་གིས་ཀྱང་གསོ་རིག་གཞན་དང་འདྲ་བར་ཉམས་ཆུང་བའི་ནད་པ་མང་ཞིག་གི་ཚེ་སྲོག་སྐྱོབ་དང་སྐྱོབ་བཞིན་ཡོད་བཞིན་ཡོད་པ་རེད། ཡིན་ནའང་ང་ཚོའི་བོད་ལུགས་གསོ་རིག་གི་སྨན་བཅོས་ལ་གཅིག་གྱུར་གྱི་ཁ་ཕྱོགས་མེད་པ་དང་སྨན་བཅོས་བཅོས་སྒྱུར་གྱི་བློ་སྟོབས་མ་འདང་པ། ལག་རྩལ་མཐོ་ཞིང་རིག་གཞུང་དང་ཟུང་འབྲེལ་བྱེད་པའི་ཐུབ་པའི་བོད་སྨན་པ་ཉུང་བ་ལ་སོགས་པའི་རྒྱུ་རྐྱེན་དུ་མ་ཞིག་གིས་བོད་ལུགས་གསོ་རིག་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་རབ་དང་རིམ་པ་ཞིག་འཕྲད་ཀྱི་ཡོད་པ་རེད། གཞན་ཡང་ད་ལྟ་བོད་ལུགས་གསོ་རིག་གི་སྨན་བཟོ་ལ་གཅིག་གྱུར་གྱི་ཚད་གཞི་མེད་པ་དང་བོད་སྨན་བཟོ་གྲྭ་སོ་སོས་བཟོས་པའི་བོད་སྨན་རྣམས་སྨན་རྣམས་ཀྱང་རིགས་གཅིག་ཀྱང་ཕན་ཡོན་མི་གཅིག་པ་དང་སྨན་གྱི་སྡེབ་ཚད་དང་སྨན་གྱི་སྦྱོར་སྟངས་མི་གཅིག་པ་ལ་སོགས་ཀྱིས་རང་རེའི་བོད་ལུགས་གསོ་རིག་གི་སྨན་སྦྱོར་ནུས་པ་ཉམས་ཞན་དུ་བཏང་བ་དང་ཁྱད་པར་དུ་སྨན་ཚབ་བྱེད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་འདི་ཡིས་རང་རེའི་བོད་ལུགས་གསོ་རིག་གི་སྨན་བཟོའི་ནུས་བ་ཉམས་རྒུད་བཏང་བ་རེད། སྤྱིར་ན་སྨན་གྱི་ཕན་ཡོན་ཞེས་པ་ནི་སྨན་རྫས་རྙིང་བ་མ་ཡིན་པ་དང་རྒྱུ་སྤུས་བཟང་ཞིང་ངོས་འཛིན་མ་ནོར་བ། སྦྱོར་ཚད་མང་ཉུང་ཚད་དང་མཐུན་པ། ཇི་མ་ཇི་བཞིན་ཡིན་པ། དུག་འདོན་ཡང་དག་ཡིན་པ་སོགས་རག་ལས་པ་ཡིན་ལ། སྒོས་སུ་སྨན་གྱི་ཕན་ཡོན་ཞེས་པ་ནི་ལས་སྣོན་ཞིབ་ཚགས་དང་ལག་རྩལ་སྔོན་ཐོན་དག་ལས་འབྱུང་བ་ཞིག་ཡིན་མོད། ཡིན་ནའང་དེང་གི་བོད་སྨན་བཟོ་སྟངས་ཞིབ་ཚགས་མིན་པ་དང་སྡེབ་སྦྱོར་ཡ་མ་ཟུང་དུ་བྱེད་པ། སྨན་རིགས་གཅིག་ལ་ནུས་པ་མི་གཅིག་ལ་སྦྱོར་སྟངས་ཀྱང་མི་གཅིག་པའི་ཕན་ནུས་བ་ཆེ་མ་ཆུང་གསུམ་དང་མདོག་རོ་མི་གཅིག་པའི་སྨན་སྣ་མང་པོ་ཡོད་པ་ལ་སོགས་པའི་གནས་ཚུལ་འོག་བོད་སྨན་གྱི་སྨན་བཟོ་གང་ཞིག་ཚད་ལྡན་ཡིན་པ་དང་གང་ཞིག་ཚད་ལྡན་མིན་པ་ཧ་ཅང་རྟོགས་དཀའ་ཅིག་ཏུ་སླེབས་ཡོད་པ་རེད། དེ་བས་ཀྱང་བཟོ་གྲྭ་སོ་སོ་ནས་ཐོན་སྐྱེད་བྱས་པའི་སྨན་རྫས་སོ་སོའི་སྟེང་དུ་རང་རང་གི་སྨན་གྱི་ཕན་ནུས་གསང་བ་ནས་སྨན་སྦྱོར་ནུས་པ་ཕྱོགས་བསྒྲིགས་སྟེང་གི་ཕན་ནུས་དེ་ཉིད་ཐད་ཀར་རང་ཉིད་བཟོས་པའི་སྨན་རིགས་དེ་ཉིད་ཀྱི་ཐོག་ལ་བྲིས་ཚེ་བོད་སྨན་གྱི་སྨན་སྦྱོར་ཚད་ལྡན་སྦྱར་ཐབས་ཞེས་པའང་རི་བོང་གི་རྭ་དང་རུས་ལྦལ་གྱི་སྤུ་བཞིན་སྐྱག་རྫིན་གྱི་ཚུལ་དུ་འགྲོ་བ་དང་སྨན་ནུས་ཆུང་ཞིང་ཚད་ལྡན་མིན་པའི་བོད་སྨན་མང་པོ་ཞིག་ག་ས་གང་ནས་མཐོང་རྒྱུ་ཡོད་ལ་དེ་དག་ལ་སྤྱོད་སྒོ་ཆུང་ཞིང་ཕན་ནུས་ཞན་པ་དང་གོང་ཚད་མཐོ་ལ་སོགས་ཀྱིས་བོད་ལུགས་གསོ་རིག་གི་ཞབས་ནས་འཐེན་ནས་སྨན་སྦྱོར་གྱི་འཕྲིན་ལས་ལའང་ནག་ནག་གི་དྲི་མ་བཟོ་ཀིན་ཡོད་པ་རེད། འདི་ལྟར་ང་ཚོས་བོད་ལུགས་ཀྱི་སྨན་རྫས་དག་གི་ནུས་པ་དང་སྤྱོད་སྒོ། ཕན་ཡོན་སོགས་ལ་མ་ཤེས་པར་མདུན་ཕྱོགས་སུ་ཆས་དྲག་ན་ནམ་ཞིག་བོད་ལུགས་གསོ་རིག་གི་བསྟན་པ་དར་བ་ལ་གནོད་པ་མི་ཐེབས་པའི་ངེས་པའང་མེད། གཞན་ཡང་བོད་སྨན་བཀོལ་སྤྱོད་ཀྱི་ཐད་ནས་བཤད་ནའང་ཅུང་རྗེས་ལུས་ཀྱི་རྣམ་པ་མངོན་ཡོད་པ་སྟེ་དཔེར་ན་ལྗོངས་དང་ཞིང་ཆེན། ཁུལ། རྫོང་སོགས་ན་བོད་སྨན་ཁང་ཡོད་རུང་བོད་སྨན་སྒོ་བསྟེན་ཚན་ཁག་དང་ཤང་གྲོང་འཕྲོད་བསྟེན་ཁང་རེ་འགའ་མ་གཏོགས་བོད་སྨན་རྐྱང་བའི་སྨན་བཅོས་བྱེད་པ་མཐོང་ཐོས་སུ་མེད་ལ་ལྗོངས་དང་ཞིང་ཆེན། ཁུལ། རྫོང་ལ་སོགས་པའི་བོད་སྨན་ཁང་སོ་སོའི་ཞག་སྡོད་སྨན་བཅོས་ནི་ཕྱི་བོད་ཟུང་འབྲེལ་ཡིན་པས་དོན་དངོས་ཐོག་བོད་སྨན་ལ་ནུས་པ་ག་འདྲ་ཡོད་མིན་ལྟ་རྒྱུ་ནི་ལྐོགས་གྱུར་གྱི་གནས་ཞིག་ཡིན་ལ། ང་ཚོས་བོད་ལུགས་སྨན་བཅོས་དང་བོད་སྨན་གྱི་ནུས་བར་ཞིབ་འཇུག་དང་དབྱེ་ཞིབ་བྱེད་མ་ཐུབ་འདི་ཡིས་རང་རེའི་བོད་ཀྱི་གསོ་རིག་གི་རྨང་གཞི་འཕེལ་རྒྱས་སོང་མེད་པ་མཚོན་ཡོད་པ་མ་ཟད། ཁྱོན་ཡོངས་ནས་ཕྱག་ལེན་ཉམས་གསོ་བྱས་མེད་པ་འང་མཚོན་ཡོད། ང་ཚོའི་བོད་སྨན་ཁང་སོ་སོ་དང་བོད་སྨན་བཟོ་གྲྭ་སོ་སོས་རང་རང་གིས་བཟོས་པའི་བོད་སྨན་མི་འདྲ་བ་ཁག་ལ་དོན་དངོས་ཐོག་ནུས་པ་པ་ཅི་འདྲ་ཡོད་པ་དང་སྨན་ཁང་སོ་སོའི་རང་རང་གིས་སྨན་བཅོས་བྱེད་ལུགས་ག་འདྲ་ཡིན་པ། གཉེན་པོ་གང་ཞིག་གིས་ནད་པ་དྲག་སྐྱེས་བྱུང་བ། གཏེར་མེ་སོགས་ནད་པའི་ཟུངས་དང་བསྟུན་མིན་སོགས་དེང་གི་སྤྱི་ཚོགས་ཀྱི་ངོས་ནས་བརྗོད་ན་ཉིན་མོའི་སྐར་མ་བཞིན་དུ་ཧ་ཅང་དཀོན་པོར་འདུག། གནས་ཚུལ་འདི་འདྲའི་འོག་ནས་བལྟས་ཚེ་བོད་སྨན་བཅོས་ལ་ད་དུང་གང་ཞིག་ཆད་ཡོད་པ་དང་བོད་སྨན་གྱི་ཚད་གཞིར་གང་འདྲ་ཞིག་ལ་སླེབས་པ། བོད་སྨན་གྱི་ནུས་པའི་སྦྱར་ཚད་ཅི་འདྲ་ཡིན་སོགས་གསལ་ལེར་ཤེས་ཡོང་། བོད་ལུགས་ཚད་ལྡན་གྱི་སྨན་སྦྱོར་སྟོང་ལ་ཉེ་བའི་དེང་གི་དུས་སྐབས་འདིར་སྨན་བཟོ་ཚད་ལྡན་མིན་པའི་སྨན་རྫས་སྐྱོ་བོ་ཞིག་ག་ས་ག་ནས་མཐོང་རྒྱུ་ཡོད་ལ། ལྷག་པར་སྒེར་བཙུགས་སྨན་ཁང་འགའ་རེ་ཡིས་དོམ་མཁྲིས་དང་གླ་རྩི་སོགས་པའི་སྨན་རྩ་ཆེན་ལག་ཏུ་མ་འབྱོར་ཚེ་ཤོག་དཀར་སྟེང་དུ་དོམ་མཁྲིས་དང་གླ་རྩི་ཞེས་བྲིས་ནས་ཤོག་བྲིས་ཡི་གེ་དོམ་མཁྲིས་དང་གླ་རྩིའི་སྨན་ཚབ་ཏུ་བརྡབས་པའང་མཐོང་ཐོས་སུ་འདུག དེ་མིན་བོད་སྨན་བཟོ་གྲྭ་སོ་སོས་སྨན་རྫས་གཅིག་ལ་ཁ་དོག་དྲི་རོ་མི་འདྲ་བ་རེ་ཐོན་སྐྱེད་རེ་བྱས་ནས་རང་རང་གི་སྨན་གྱི་ནུས་པའི་ཆེ་བ་བརྗོད་པ་ཡང་ག་ས་ག་རུ་མཐོང་རྒྱུ་ཡོད་པ་ཞིག་རེད། དོན་དངོས་སྟེང་ནས་བཤད་ན་སྨན་ནུས་སྐྱོ་བ་དང་སྨན་ཚབ་ཤོག་བྲིས་བྱེད་པ། རྫས་སྨན་གཅིག་ལ་མདོག་དྲི་རོ་མི་མཚུངས་བར་བྱེད་པ་བཅས་ནི་བོད་ལུགས་གསོ་རིག་གི་ཞབས་འདྲེན་པ་ཡིན་པ་མ་ཟད། ནག་ཉེས་བཟོ་མཁན་ཞིག་ཀྱང་རེད་འདོད། དེ་བས་རྗེས་ཕྱོགས་ནས་བོད་ལུགས་གསོ་རིག་གི་ཞབས་འདྲེན་པ་འདི་དག་ཁྲིམས་ལུགས་ཀྱིས་བཀག་འགོག་དང་ཚད་ལྡན་གྱི་བོད་སྨན་བཟོ་གྲྭ་དག་ལ་རྒྱབ་སྐྱོར་བྱས་ཏེ་བོད་ལུགས་འཕེལ་རྒྱས་གཏོང་དགོས། དེ་ལྟར་མ་བྱས་ཚེ་བོད་ལུགས་སྨན་སྦྱོར་ཚད་ལྡན་མིན་པ་དེ་དག་རྒྱལ་སྤྱིའི་ཚོང་རར་བཀྲམས་ཚེ་བོད་ལུགས་གསོ་རིག་འདི་ཉིད་འཛམ་གླིང་གསོ་རིག་གི་མདུན་གྲལ་ནས་རྒྱང་ཕུད་མི་གཏོང་བའི་ངེས་པས་པའང་གཏན་ནས་མེད། དེ་ན་ང་ཚོས་བོད་སྨན་སྦྱོར་ཚད་ཚད་དང་ལྡན་པ་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་དགོས་བ་དང་སྨན་སྦྱོར་གཞུང་ལུགས་དང་མི་མཐུན་པ་དག་ལ་ཁྲིམས་མཐུན་སྒོས་འགག་འགོག་དང་ཆད་གཅོད་བྱ་རྒྱུ་ནི་ནམ་ཡང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་འཁུམས་སོ།།
གཉིས་པ། བོད་ལུས་གསོ་རིག་གི་སྨན་བཅོས་ཀྱི་གནས་བབ་བཤད་པ།
        ང་རང་མཚོན་ན་ལོ་ངོ་བཅུ་ཕྲག་ཞིག་རིང་ལ་མཚོ་སྔོན་གྱི་ཆབ་ཆ་དང་མཚོ་ནུབ། ཞིན་ཧེ། བོད་ལྗོངས་ཀྱི་ལྷ་ས་དང་གཞིས་རྩེ་སོགས་ས་ཁུལ་མང་པོ་ཞིག་ལ་དངོས་སྦྱོང་དང་ཟབ་སྦྱོང་ལ་སོང་མྱོང་བའི་མི་བུ་ཞིག་ཡིན་པའི་ཆ་ནས་ས་གནས་དེ་དག་གི་བོད་སྨན་བཅོས་བྱ་ལུགས་ཀྱང་ཕལ་ཆེར་ངོས་ཡོད་ལ། མཚོ་སྔོན་གྱི་མཚོ་ནུབ་ཁུལ་བོད་སྨན་ཁང་དང་བོད་ལྗོངས་སྨན་རྩིས་ཁང་དང་གཞིས་རྩེ་སྨན་རྩིས་ཁང་ལ་སོགས་པའི་སྨན་བཅོས་བྱེད་ལུགས་དང་སྨན་བཅོས་ཀྱི་ཁ་ཕྱོགས་ཀྱང་རྩ་བའི་ཆ་ནས་བློ་ངོར་ཤར་ཡོད་འདུག དེ་མིན་མཚོ་སྔོན་གྱི་འཇིགས་མེད་བོད་སྨན་བཟོ་གྲྭའི་བོད་སྨན་དང་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་བོད་སྨན། ཞིན་ཧེ་རྫོང་བོད་སྨན་ཁང་གི་བོད་སྨན། བོད་ལྗོངས་བདུད་རྩི་རྟགས་ཅན་གྱི་བོད་སྨན། བོད་ལྗོངས་བོད་གསོ་རིག་སློབ་གླིང་གི་བོད་སྨན། གཞིས་རྩེ་བོད་སྨན་བཟོ་གྲྭའི་བོད་སྨན། གཉའ་ལམ་བོད་སྨན་བཟོ་གྲྭའི་བོད་སྨན་སོགས་བཟོ་གྲྭ་མི་གཅིག་པའི་བོད་སྨན་མང་ཞིག་གི་བེད་སྤྱོད་བཏང་མྱོང་བའི་མི་བུ་ཞིག་ཀྱང་ཡིན། སྤྱིར་བོད་སྨན་གྱི་བཟོ་གྲྭ་སོ་སོ་ལ་རང་རང་གི་སྨན་རྫས་མི་འདྲ་བ་རེ་རེ་ཡོད་ལ། ཁྱད་པར་དུ་བཟོ་གྲྭ་སོ་སོའི་བོད་སྨན་གྱི་བཟོ་ནུས་མི་འདྲ་བ་རེ་ཡང་ཡོད་པ་རེད། སྣང་ཚུལ་འདི་བོད་སྨན་དུ་མ་ཟད། ཀྲུང་སྨན་དང་ཕྱིའི་སྨན་སོགས་ལའང་ཡོད་པ་རེད། དེ་བས་རང་རང་གི་སྨན་ནུས་དང་རང་རང་གི་སྨན་གྱི་དགོས་མཚན་རྣམས་ཀྱི་སྟེང་དུ་རང་གི་ནུས་པ་དང་རན་པའི་གསལ་བཤད་ཡི་གེ་འབྲི་རྒྱུ་ནི་ཧ་ཅང་གལ་ཆེ་འདོད་དེ། དེང་གི་བོད་སྨན་གྱི་སྨན་རྫས་མང་པོ་ཞིག་གི་སྟེང་ལ་རང་ལ་ཡོད་པའི་སྨན་ནུས་མ་བྲིས་བར་སྨན་རྫས་ཡོད་ཚད་ལ་སྨན་སྦྱོར་ནུས་བ་ཕྱོགས་བསྒྲིགས་སྟེང་གི་ནུས་པ་དེ་བྲིས་ནས་རང་རང་གི་ཁྱད་ཆོས་དང་ནུས་པ་སོགས་སྦ་སྐོང་བྱེད་པ་ནི་བོད་ལུགས་ཀྱི་ཐད་ནས་བརྗོད་ན་འཕེལ་རྒྱས་ཀྱི་འགག་རྡོ་ཆེན་པོ་ཞིག་རེད། ལྷག་པར་བོད་སྨན་ཁང་སོ་སོས་རང་རང་གིས་ཐོན་སྐྱེད་བྱས་པའི་རྫས་སོ་སོ་ལ་དངོས་ཡོད་ཀྱི་ནུས་པ་གང་ཞིག་ཡོད་པར་མ་བལྟས་པར་ཕྱི་ལུགས་སྨན་བཅོས་ལ་ཁ་ཕྱོགས་ནས་ཕྱི་ལུགས་སྨན་བཀོལ་སྤྱོད་པ་ནི་ཡིད་སྐྱོ་བའི་གནས་ཅིག་ཡིན་ལ། དེ་མིན་ལྗོངས་དང་ཞིང་ཆེན་ཁུལ་རིམ་པ་ལ་སོགས་པའི་བོད་སྨན་ཁང་གི་སྨན་པ་རེ་འགས་ཀྱང་ང་ཚོ་བོད་སྨན་ལ་ཅི་ཡང་མེད་ཚུལ་དང་བོད་སྨན་གྱི་གཞུང་ནས་བཅོས་མི་ཐུབ་པའི་སྣོད་མཁྲིས་མཁྲིས་སྐྲན་དང་ཕོ་འབྲས་ལ་སོགས་པའང་ཁོ་ཚོས་གཤག་བཅོས་བྱེད་ཀྱི་ཡོད་ཚུལ་གྱི་གཏམ་ངན་གྱིས་བོད་ལུགས་གསོ་རིག་གི་ལག་རྩལ་ལ་དམའ་འབེབས་དང་། ཁོ་ཚོ་ལ་ཕྱི་ལུགས་གསོ་རིག་གི་ལག་རྩལ་ཡོད་མདོག་གིས་བོད་སྨན་བཅོས་ལ་མཐོང་ཆུང་གི་ལྟ་ཚུལ་ཡང་མང་པོ་སྣང་བ་དང་། དཔྱད་བཅོས་ཀྱི་ཐད་ནས་བཤད་ནའང་བོད་ལུགས་གསོ་རིག་གི་རྐང་འཛིན་པའི་སྨན་པ་མང་པོ་ཞིག་གིས་མེ་བཙའ་ཡིས་ནད་རོ་བཙོན་དུ་འཇུག་གི་ཡོད་ཚུལ་དང་མེ་བཙའ་ལ་ཕན་ཡོན་མེད་ཚུལ་དང་མེ་བཙའ་རྒྱག་མི་རུང་བའི་གཏམ་ངན་ཡང་ག་ས་གང་ན་ཡོད་ལ། ནད་སྐྱོང་པའི་ཐད་ནས་བཤད་ནའང་བོད་སྨན་དང་བོད་ལུགས་ཀྱི་ནད་སྐྱོང་པའི་ཤེས་བྱ་རྐང་གཅིག་ཀྱང་སྦྱང་མྱོང་མེད་པའི་ནད་གཡོག་ཀྱང་ཧ་ཅང་མང་པོ་ཡོད་པ་རེད། དེ་བས་ཀྱང་འབུམ་རམས་པའི་གོ་མིང་ཐོབ་ཅིང་གསོ་དཔྱད་ཀྱི་གཞུང་ལ་ཅུང་མཁྱེན་རྒྱ་ཡངས་ཤིང་གོ་གནས་ཀྱང་འོས་ཙམ་ཡོད་པའི་མི་འགའ་རེས་སྨན་པའི་ལག་རྩལ་དང་ནུས་བ་ལ་མི་ལྟ་བར་ཁ་ཡར་གྲགས་ལ་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཁ་མར་གྲགས་ལ་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཟེར་བ་ནི་ཤིན་ཏུ་ཡིད་སྐྱོ་བའི་གནད་ཅིག་རེད་བསམ། དོན་དངོས་སྟེང་བོད་ལུགས་གསོ་རིག་གི་དགོངས་པ་རྟོགས་ཤིང་ལག་ལེན་ཡང་ཚུལ་བཞིན་དུ་སྟེར་ཐུབ་བ་ཡིན་ན་ད་བཟོད་བོད་སྨན་གྱི་ཐུན་མོང་ཡིན་པའི་ཁྱད་ཆོས་ཅེས་གླེང་ན་འགྲིག་ཀྱང་གཞུང་ལུགས་འོས་འཚམས་དང་ལག་ལེན་ཅུང་ཙམ་ཡོད་པ་དག་ལ་ཐུན་མིན་གྱི་ཁྱད་ཆོས་ཟེར་ན་ཅུང་ཐལ་དྲག་སོང་བ་མིན་ནམ་སྙམ། ད་ལྟ་རང་ལྗོངས་ལ་བོད་ལུགས་གསོ་རིག་གི་སློབ་ཆེན་མཐར་ཕྱིན་སློབ་མ་མང་རུང་དེ་དག་ལ་ནད་ཐོག་ལག་ལེན་གྱི་ཤེས་བྱ་ཉུང་ཞིང་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བར་བྱེད་པའི་བསམ་པའི་བློ་སྟོབས་ཆུང་བའི་དབང་གིས་གཞི་རིམ་འཕྲོད་བསྟེན་ཁང་དུ་ལས་བགོས་བྱས་ཀྱང་བོད་སྨན་བཀོལ་མ་ཐུབ་པར་ཕྱི་ལུགས་གསོ་རིག་ལ་ཕྱོགས་པ་དང་དེ་མིན་རྫོང་རིམ་པའི་མི་དམངས་སྨན་ཁང་སོགས་ན་བོད་སྨན་གྱི་ཚན་ཁག་ཡོད་ཀྱང་ནད་པ་ཉུང་བ་ལ་སོགས་པའི་ད་ལྟའི་བོད་ལུགས་གསོ་རིག་གི་སྨན་བཅོས་མི་སྣ་དང་དེའི་སྨན་བཅོས་ཀྱི་ཕྱག་ལེན་ཁ་ཕྱོགས་གང་ལ་བལྟས་ཀྱང་དེ་ཡི་ཐུན་མིན་ཁྱད་ཆོས་ཟེར་ན་ཅུང་ཚད་ལས་བརྒལ་སོང་བ་མིན་ནམ་འདོད། རྒྱུ་མཚན་ནི་བོད་ལུགས་སྨན་པ་དག་ལ་དེའི་ཆུ་ཚད་སླེབས་མི་འདུག། བོད་ལྗོངས་སྨན་རྩིས་ཁང་གི་བསོད་ནམས་དངོས་གྲུབ་དང་རྒན་བཀྲ་རྒྱན། རྒན་བསོད་ནམས་འཆི་མེད་ལ་སོགས་པའི་བོད་སྨན་ཆེད་མཁས་དག་གིས་མ་གཏོགས་བོད་ལུགས་གསོ་རིག་གི་ཐུན་མིན་ཁྱད་ཆོས་ལག་སྟེར་གནང་ཐུབ་ཀྱིན་མེད་ན། གཞུང་ལུགས་ཀྱི་རྟོགས་ལ་མ་རྟོགས་པ་འདྲ་བའི་ང་ཚོ་ལ་ཅི་ཡོད། ཅི་ཡང་མེད་པར་དེའི་ཐུན་མིན་ཁྱད་ཆོས་ལག་སྟེར་གནང་ནི་ཕན་པ་ལས་གནོད་པ་མང་བ་ཆོས་ཉིད་ཡིན་ནོ། །
གསུམ་པ། སྨན་བཅོས་ཀྱི་ཁ་ཕྱོགས་བསྡུས་ནས་བཤད་པ།
        དེ་ན་ང་ཚོས་སྨན་རྫས་གྱི་ནུས་པ་མཐོར་མདེགས་དང་ནད་རྒྱུ་ངོས་འཛིན། གཉེན་པོ་སྤྲོད་སྟངས་སོགས་རྩ་དོན་ལ་བཟུང་ནས་གཉེན་པོ་བསིལ་སྨན་གྱིས་བཅོས་མ་ཐུབ་པའི་ཁྲག་མཁྲིས་ཚ་བའི་རིགས་ལ་གཏར་དང་གཉེན་པོ་པོ་དྲོད་སྨན་གྱིས་བཅོས་མི་ཐུབ་པའི་བད་རླུང་གྲང་བའི་ནད་ལ་མེ་ཡིས་བཅོས་པ་དང་སྟོངས་ཚད་དང་གབ་ཚད་རྙིང་ཚད། རྙོགས་ཚད། བད་ཀན་སྨུག་པོ། དུག་ནད་ལ་སོགས་པའི་འདུས་ནད་རིགས་དག་ལ་སྨན་བསིལ་དྲོད་སྙོམ་པ་དང་གཏར་མེ་རན་པ་བྱ་རྒྱུ་ནི་ཆེས་གནད་འགག་གི་དོན་ཡིན་ལ། གཞན་ཡང་མ་སྨིན་ཚ་བ་གཏེར་ན་རྙོགས་པར་འགྱུར་བ་དང་ཁྱད་པར་རིམས་ཚད་ལ་གང་གཏར་དོན་ལ་འབབ་པ། འཁྲུགས་ཚད་སོགས་ངན་ཁྲག་མ་དབྱེ་བ་ཡིས་ཟུངས་ཁྲག་ཤོར་བས་རླུང་སྐྱེ་ནས་ཚ་བ་བྱེར་འགྲོ་བ། ནད་ཁྲག་ལུས་པས་ཚ་བའི་ཚ་བའི་རོ་མི་ཐོན་པ་དང་། སྟོངས་ཚད་གཏར་ན་རླུང་འཕྱོ་ཞིང་ཟུག་གཟེར་སྐྱེས་པ། གཉན་ཚད་གཏར་ན་ཁྲག་ཤུལ་སྲོག་རྩ་ལ་འཇུག་པ། དུག་ཚད་གཏར་ན་བྱེར་ཏེ་ཚ་རོ་མི་ཐོན་པ། ཟུངས་ངན་ཚད་པ་གཏར་ན་སྲོག་རྟེན་ཆད་པ་ལ་སོགས་པའི་ཚ་བའི་ནད་ཡིན་ཀྱང་གཏེར་མི་རུང་བའི་ནད་བདུན་དང་འཁྲིས་རྩ་རྒྱུགས་ཀྱི་ནད་ལ་འབྲོས་འཕྲང་བསྡམས་པ་དང་རྩ་སྟོང་ཚ་བ་འཕྲང་ཁ་སོ་བས་བཅད་པ། ཚད་གཞུག་རླུང་གིས་འབུད་པའི་ནད་ལ་མེ་ཡིས་མནན་པ། རླུང་རིམས་ཡར་བུ་འདར་བུ་མལ་གཞུག་པ་ལ་སོགས་པ་ཚ་བའི་ནད་ཡིན་ཀྱང་མེ་ཡིས་འབྲོས་འཕྲང་བསྡམས་ཆོག་པའི་ཚ་བའི་ནད་དྲུག་དང་རྒྱས་པའི་ཚ་བ་དང་འགྲམས་འཁྲུགས་ཁྲག་གཟེར་ལ་སོགས་པ་ཐང་མ་བཏང་བར་གཏར་ཆོག་པ་དང་། ཁྲག་རླུང་སྟོད་འཚངས་ལ་བཟི་ཡོད་པའི་སྨན་བསྟེན་མི་རུང་བ། རྐང་འབམ་ནད་ལ་ཐོག་མ་ཉིད་ནས་གཏར་མི་རུང་བ་སྟེ་མདོར་ན་ཁྲག་མཁྲིས་ཚ་བ་ལས་གྱུར་ནད་རིགས་ལ་གཏར་དང་བད་རླུང་གྲང་བ་ལས་གྱུར་བའི་ནད་རིགས་ལ་མེ་ཡིས་བཅོས་དགོས་པའི་རྩ་དོན་རྣམས་ཡིད་ལ་དམ་པོ་བཅིངས་ནས་ནད་ཆུང་བ་ལ་ཟས་དང་འབྲིང་ལ་སྨན་ཆེ་བ་གཏར་སོགས་ཀྱི་གོ་རིམ་མ་ནོར་བར་ཟས་སྤྱོད་སྨན་དཔྱད་གང་དགོས་ནད་དང་བསྟུན་ནས་གང་ལ་གང་འཚམས་བཅོས་དགོས་པ་ལས་ནད་ཆུང་ལ་གཏེར་མེ་སོགས་མི་བྱ་རུང་གནད་གདམས་པ་དག་གཞུང་བཞིན་དུ་ཤེས་བར་བྱའོ། །
--    --


རྩོམ་ཡིག་སྔོན་མ།
༄༅།།འཁོར་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1