༄༅།། བོད་ཀྱི་དམངས་གླུའི་འབྱུང་ཁུངས་ཅུང་ཙམ་དཔྱད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 07-20


 
        ངལ་རྩོལ་གྱིས་མིའི་རིགས་བསྐྲུན་ལ། ངལ་རྩོལ་གྱིས་རྩོམ་རིག་སྒྱུ་རྩལ་ཡང་བསྐྲུན། མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཁུངས་ནི་ངལ་རྩོལ་ལ་གཏུག་དགོས་པ་ཡིན་ལ། སྙན་ངག་གི་ཆེས་ཐོག་མའི་རྩོམ་གཞིར་གྱུར་བའི་སྐད་ཆའང་ངལ་རྩོལ་གྱིས་བསྐྲུན། མིའི་རིགས་དང་སྲོག་ཆགས་བར་གྱི་ངོ་བོའི་སྟེང་གི་ཁྱད་པར་ཡང་ངལ་རྩོལ་གྱིས་རྣམ་པར་འབྱེད་ཚུལ་རླབས་ཆེ་བའི་གསར་བརྗེ་མཁས་པ་ཨེན་ཀེ་སིས་བརྩམས་པའི་སྤྲ་མི་མིར་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་ངལ་རྩོལ་བྱེད་ནུས་ཞེས་པའི་ནང་ཚན་རིག་དང་མཐུན་པའི་སྒོ་ནས་བསྒྲུབས་ཡོད་པ་ལྟར། དུས་ཡུན་རིང་བོའི་ཐུན་མོང་གི་ངལ་རྩོལ་ཁྲོད། མི་རྣམས་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་གོ་བརྡ་སྤྲོད་རེས་ཀྱི་འདུན་པ་ཇེ་རྒྱས་དང་དབང་བོའི་སྐྱེ་མཆེད་ལེགས་གྲུབ་བྱུང་བ་བཅས་རིམ་བཞིན་ངག་སྒྲ་གསལ་བོར་འབྱིན་ཐུབ་པས། ཆེས་ཐོག་མའི་སྐད་ཆ་བྱུང་བ་རེད། སྐད་ཆ་དེའང་མུ་མཐུད་དུ་ངལ་རྩོལ་དང་འགྲོཊ་ནས་རིམ་བཞིན་ཆ་ཚང་བ་དང་ཕུན་སུམ་ཚོགས་པ་ཅན་དུ་གྱུར་བ་འདི་ནི་མི་རིགས་ཡོངས་ཀྱི་ལོ་རྒྱུས་འཕེལ་བའི་ཆོས་ཉིད་ཅིག་རེད། རྒྱའི་རྩོམ་རིག་སྨྲ་བ་ཆེན་མོ་ལོའུ་ཞུན་ལགས་ཀྱིས་ཀྱང་། ང་ཚོའི་ཕ་མེས་རྣམས་ཀྱིས་དང་ཐོག་སྐད་ཆ་ཙམ་ཡང་བཤད་མི་ཤེས། མཐུན་མོང་གི་ངལ་རྩོལ་ཁྲོད་དུ། ངེས་པར་དུ་སེམས་ཀྱི་འཆར་སྒོ་བརྗོད་དགོས་པས། རྙོག་འཛིང་གི་ངག་སྒྲ་རེ་འབྱིན་ཤེས་པར་གྱུར་བ་ནས་རིམ་གྱིས་སྐད་ཆ་བྱུང་བ་རེད། ཅེས་གསུངས་པ་བཞིན། རང་རེའི་བོད་ཀྱི་ཡུལ་ཁམས་སུའང་གདོད་མའི་རི་དྭགས་རྔོན་ཚུལ་དང་། ཞིང་རྨོ་གཡུལ་འཁྲུག་སོགས་བྱུང་ཚུལ་ལས་འཕྲོས་པའི་རྩེད་རིགས་ཆོ་ག་ད་དུང་མ་ཉམས་པར་གནས་ཡོད་པ་མང་དུ་མཐོང་རྒྱུ་ཡོད་པ་ཐམས་ཅད་ངལ་རྩོལ་ལས་མ་བྱུང་བ་གཅིག་ཀྱང་མེད། མདོ་དབུས་ཁམས་གསུམ་དུ་དར་ཆེ་བའི་ལབ་ཙེ་གཏོད་སྲོལ་འདི་ནི་གདོད་མའི་དུས་ཀྱི་ཐོན་སྐྱེད་ངལ་རྩོལ། དམག་འཁྲུག་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། མདོ་སྨད་རེབ་གོང་ཡུལ་དུ་དར་བའི་ཀླུ་རོལ་དང་། དོ་སྨད་ཁྲི་ཀའི་ཡུལ་དུ་དར་ཆེ་བའི་དྲུག་པའི་ལྷ་རྩེད། དེ་མིན་གཅན་ཚའི་མདའ་རྩེད་སོགས་ཀྱི་རྣམ་པའང་མི་རིགས་གཞན་དག་དང་འདྲ་བར་གདོད་མའི་ངལ་རྩོལ་དང་འབྲེལ་བ་ཡོད། མི་རིགས་སོ་སོའི་གདོད་མའི་ངོ་བོ་ལྡན་པའི་གླུ་ལེན་གར་རྩེད་སོགས་ཕན་ཚུན་བར་རིགས་འདྲ་ས་ཤིན་ཏུ་མང་། ལབ་ཙེ་གཏོད་སྐབས་ཀི་བསོ་འདེབས་པ་སོགས་དང་གླུ་རོལ་རྩེད་སྐབས་མི་རྣམས་ཀྱི་ངག་ནས་ཨོ་ཧད། ཨོ་ཧད། ཨོ་ཨོ་ཨོ། ཨོ་ཞེས་པའི་སྒྲ་འབྱིན་པའམ་ཡང་ན་བོས་ཞེས་པའི་སྒྲ་ཐེངས་གསུམ་གཏོང་བ་སོགས་ངག་སྒྲའི་གདངས་དང་བསྟུན། རྐང་བའི་སྟངས་སྟབས་བསྒྱུར་དགོས་པ་ཡིན། མདའ་རྩེད་དེའང་གདོད་མའི་རི་དྭགས་རྔོན་པའི་མདའ་རྩལ་སྦྱོང་བརྡར་གྱི་ཆོ་ག་མ་ཉམས་པ་ལྟ་བུ་ཞིག་དང་། དྲུག་པའི་ལྷ་རྩེད་དང་གཅན་ཚའི་མདའ་རྩེད་ལྟ་བུ་གཞས་གཙོ་ཆེ་ལ་ལེན་ཞོར་དུ་སྟངས་སྟབས་ཀྱི་ཉམས་ཕྲ་མོ་རེ་སྟོན། ཚོགས་ར་ཕལ་ཆེར་ནགས་གསེང་དང་སྡོང་གསེང་ཡིན། བོད་ཁམས་ཀྱི་དམངས་སྲོལ་འདི་དག་ལ་གདོད་མའི་གླུའི་རྣམ་པའང་ཡོད་ལ་གདོད་མའི་ཞབས་བྲོའི་རྣམ་པའང་ཡོད། གདོད་མའི་དུས་སུ་གླུ་དང་ཞབས་བྲོ། དབྱངས་གསུམ་གཞི་གཅིག་འདྲེས་ཀྱི་ཕུང་བོ་ཞིག་ཡིན། དེ་བཞིན་ཀླུ་རོལ་གྱི་ནང་དུ་རྒན་པོ་རྒན་མོའི་རྩེད་སྲོལ། མནའ་མ་ལེན་སྲོལ། ཞིང་རྨོ་ཏིལ་རྡུང་གི་རྩེད་མོའི་རྣམ་གྲངས་དག་ནི་ངལ་རྩོལ་མི་དམངས་ཀྱི་ཐོན་སྐྱེད་ངལ་རྩོལ་དང་འབྲེལ་བ་ཡོད་ལ། ཀླུ་རོལ་དང་ལབ་ཙེ་གཏོད་སྐབས་མི་རྣམས་ཀྱིས་དམག་གི་ཆས་བྱས་ཏེ་རྩེ་དགོས་པ་ཡང་ཚོ་རྒྱུད་བར་གྱི་གཡུལ་འགྱེད་དང་འབྲེལ་བ་ཆེ་ལ། སྡེ་བ་གཉིས་མཉམ་དུ་རྩེ་བའམ། ཡང་ན་ཀླུ་རོལ་སྐབས་སུ་ཁྱད་པར་དུ་ཕན་ཚུན་འགྲོ་འོང་གི་རྩེད་རེས་བྱེད་སྲོལ་ཡོད་པ་འདིས་རུས་རྒྱུད་ཚོ་བ་ཕན་ཚུན་གྱི་ཉེ་འབྲེལ་མཚོན་པ་ལྟ་བུར་སྣང་ལ། གདོད་མའི་ཆོས་ལུགས་བྱུང་བ་དང་བསྟུན་ནས། ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། སྲིད་པ་ཆགས་གླུ་སོགས་རིམ་གྱིས་འཕེལ་ཞིང་ཡུལ་ལྷ་གཞི་བདག་ལ་བསང་མཆོད་དང་རྔ་རྡུང་སྦུག་དཀྲོལ་གྱི་ཆོ་ག་སྣ་ཚོཊ་གཅིག་ལ་གཅིག་འདྲེས་ཀྱི་ཚུལ་དུ་དར་ཡོད་པ་འདི་དག་མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན། སྤྱིར་གླུ་ལའང་དམངས་གླུ། མགུར་གླུ། གླུ་ཤགས། ཚིག་རྒྱག་སོགས་བྱུང་ཡོད་ལ། ལ་གཞས་ལའང་ཡུལ་གྱི་སྒོ་ནས་སྟོད་གཞས། ཁམས་གཞས། འབའ་གཞས་སོགས་དང་། དོན་དང་རྣམ་པ། མིང་འདོགས་ཚུལ་གྱི་སྒོ་ནས་གཞས་ཆེན། ལས་གཞས། སྐོར་གཞས། མདའ་གཞས་སོགས་དང་། གླུ་ལའང་ད་དུང་གྱང་གླུ། རི་གླུ། སྐྱོ་གླུ། འདུམ་གླུ། སྲིད་པ་ཆགས་གླུ་སོགས་རིགས་སྣ་ཚོགས་ཡོད།
        གཅིག་འདྲེས་ཀྱི་རྣམ་པ་མ་དོར་བར་གནས་ཡོད་ལ། དེའི་བརྗོད་བྱའང་གདོད་མའི་དུས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་འཚོ་བའི་ཕྱོགས་འདུས་ཡོད་ལ། གླུ་དང་བྲོ། དབྱངས་བཅས་གཞི་གཅིག་འདྲེས་ཀྱི་སྒྱུ་རྩལ་རྣམ་པ་འདི་ལས་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་ངལ་རྩོལ་ཡིན་པའི་བདེན་དོན་ལྷག་ཏུ་རྙེད་ཐུབ་པ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1