གནའ་བོའི་ཇ་རྟའི་རྡལ་ལམ། ད་ལྟའི་བདེ་སྐྱིད་ལམ་བུ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-21



   ------གངས་ལྗོངས་ཉི་གཞོན་བོད་ཁུལ་དུ་སྐྱོད་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་འཛུམ་གྱིས་བསུ་བའི་མུ་འགོད་གསར་འགྱུར་ལས་ཁག་དང་པོ།
        2017ལོ་ནི་དམིགས་གསར་ཅན་གྱི་དུས་ཚོད་ཅིག་ཡིན་ལ།  སི་ཁྲོན་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། གོམ་གང་མདུན་སྤོས་ཀྱིས་བོད་ཁུལ་གྱི་མ་འོངས་པའི་འཕེལ་རྒྱས་ལ་བསམ་གཞིགས་བཏང་བ་དང་བོད་ཁུལ་འཕེལ་རྒྱས་ལ་གོ་སྐབས་ལེགས་པོར་བསྐྲུན་པ་རེད། བོད་ཁུལ་དུ་དབུལ་སེལ་འགག་སྒྲོལ་དང་དམངས་འཚོའི་ལས་རིམ་ཁག  དེ་མིན་དམངས་ཕན་སྲིད་ཇུས་སོགས་ལག་བསྟར་ལེགས་པོར་བྱས་པས། མིག་སྔར་བོད་ཁུལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་མཐོ་སྒང་གི་མཚར་སྡུག་ལྷག་ཏུ་མངོན། གངས་ལྗོངས་ཉིན་གཞོན་གྱི་གསར་འགོད་པ་བོད་ཁུལ་གྱི་ས་གནས་ཁག་ཏུ་ཕྱིན་ནས་བོད་ཁུལ་འཕེལ་རྒྱས་ཀྱི་མུ་འགོད་གསར་འགྱུར་སྤེལ་རྒྱུ་ཡིན། 
         སྤྱི་ཟླ་7པའི་ཚེས་15ཉིན་གངས་ལྗོངས་ཉིན་གཞོན་གྱི་གསར་འགོད་པ་ཁག་གཅིག་ཁྲེན་ཏུའུ་ནས་རྒྱ་ལམ་318བརྒྱུད་དེ་བོད་ཁུལ་དུ་སྐྱོད་འགོ་བརྩམས་པ་ཡིན།  དུས་ཚོད་ལྔ་ཙམ་གྱི་འགྲུལ་བཞུད་འགོར་རྗེས་འུ་ལག་རི་བོའི་ཕུག་ལམ་ལས་བརྒལ་ཏེ་བོད་ཀྱི་ས་ཁུལ་དུ་ཐོན་པ་དང་ཁྲེན་ཏུའུ་རུ་ཚ་སྡུག་ཆེ་བའི་དུས་འདིར་བོད་དུ་བསིལ་རླུང་འཇམ་པོས་ལུས་ལ་བདེ་སྣང་ཚད་མེད་སྟེར་བྱུང་ལ།  ནམ་མཁའ་གཡའ་དག་ཅིང་རྩྭ་རྩི་ཤིང་གི་ལོ་འདབ་རྒྱས་པ་སོགས་ཀྱིས་དབྱར་ཟླ་འབྲིང་པོ་ཤར་བར་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ།
དམག་དཔུང་བཅོ་བརྒྱད་པས་ལམ་བསྐྲུན་བཞིན་པའི་རྣམ་པ།
        འདས་པའི་དུས་ཀྱི་འུ་ལག་རི་བོའི་གཞུང་ལམ་གྱིས་རྒྱ་བོད་མཛའ་མཐུན་གྱི་སྒོ་མོ་ཕྱེས་ཤིང་། བོད་ཁུལ་གྱི་འགྲིམ་འགྲུལ་ལ་བཅིངས་གྲོལ་ཐེངས་དང་པོ་ཐོབ་པ་རེད།  
        པར་དང་རི་མོ་རྙིང་པ་ལས་མངོན་པར་ལྟར་ན།  སྐབས་དེར་ལམ་ལས་ལ་ཞུགས་པའི་དམར་དམག་དཔུང་ཤོག་བཅོ་བརྒྱད་པའི་དམག་མི་ཚོས་ལུས་ལ་གོས་ཧྲུལ་གྱོན་ཞིང་ལག་ཏུ་འཇོ་དང་ཐོ་བ་སོགས་བཟུང་ནས་ལམ་ལས་པ་དང་། འཕྲུལ་ཆས་སོགས་གང་ཡང་མེད་ཀྱང་དམག་མི་ཚོས་རྒྱ་བོད་མཛའ་མཐུན་དང་བོད་ཀྱི་འགྲིམ་འགྲུལ་གྱི་ཆེད་དུ་དཀའ་བ་ཁྱད་དུ་བསད་པ་རེད།  དེའི་ཡར་སྔོན་ཇ་རྟའི་གནའ་ལམ་དུ་དུད་འགྲོ་དང་མིའི་རྒྱབ་ལ་བརྟེན་ནས་རྒྱ་བོད་བར་གྱི་དངོས་རྫས་བརྗེ་རེས་བྱེད་དགོས་པས་འགྲུལ་བཞུད་ཀྱི་དུས་ཡུན་རིང་པོ་འགོར་བ་མ་ཟད་དཀའ་ངལ་ཧ་ཅང་ཆེ་བ་བཤད་མ་དགོས།  རྡོ་རིང་པཎྜི་ཏ་དར་རྩེ་མདོ་ནས་ཁྲེན་ཏུའུ་རུ་བྱོན་པའི་ཟིན་ཐོ་ལས་ཀྱང་གཞུང་ལམ་མེད་པའི་ཡར་སྔོན་གྱི་དཀའ་ངལ་མང་པོ་ཞིག་རྟོགས་ཐུབ། 
འུ་་ཅག་རི་བོའི་མཛེས་ལྗོངས། 
         བསྡོམས་པས་སྤྱི་ལེ་ཉིས་སྟོང་ཙམ་ཡོད་པའི་ཁྲོན་བོད་གཞུང་ལམ་ལེགས་འགྲུབ་བྱུང་བ་དེས་བོད་ཁུལ་གྱི་འགྲིམ་འགྲུལ་ཐད་ལ་བཅིངས་གྲོལ་ཐེངས་དང་པོ་ཐོབ་པ་དང་།  དེང་རབས་ཅན་གྱི་འཕྲུལ་ཆས་ལ་བརྟེན་ནས་དངོས་ཟོག་འབོར་ཆེན་བརྗེ་རེས་བྱེད་ཐུབ་ལ། རྒྱ་བོད་བར་གྱི་མཛའ་མཐུན་ཀྱང་སྔར་ལས་ཇེ་ཟབ་ཏུ་སོང་བ་རེད།  འོན་ཀྱང་འུ་ལག་རི་བོ་རུ་གནམ་གཤིས་འགྱུར་ལྡོག་ཆེ་ཞིང་མཚོ་འཕགས་མཐོ་བ་སོགས་ཀྱི་རྐྱེན་གྱིས་དགུན་གངས་ཀྱིས་བཟུང་ཞིང་དབྱར་ས་ལོག་ཆུ་འབྲུབ་ཀྱིས་གེགས་བྱས་ཏེ་ལམ་དུ་ཉིན་ཤས་ལ་ལུས་པ་དང་རླངས་འཁོར་དོན་རྐྱེན་བྱུང་བ་སོགས་ཀྱི་གཏམ་རྒྱུད་ཀྱང་མང་པོ་བཤད་རྒྱུ་འདུག    

འུ་ཅག་རི་བོའི་ཕུག་ལམ། 
        དེང་གི་དུས་འདིར་འུ་ལག་རི་བོའི་ཕུག་ལམ་ལེགས་འགྲུབ་བྱུང་བ་དེས་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ལ་སྐུལ་འདེད་ཚད་མེད་ཐེབས་པ་དང་བོད་ཁུལ་གྱི་འགྲིམ་འགྲུལ་ཐད་ལ་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་པ་རེད། 
        ཕུག་ལམ་ལེགས་འགྲུབ་བྱུང་བའི་ཡར་སྔོན་དུ་ཁྲོན་བོད་གཞུང་ལམ་ཡོད་ཀྱང་འུ་ལག་རི་བོའི་རྩེ་ལ་འགོས་དགོས་པས།  དུས་ཚོད་ཡུན་རིན་འགོར་བ་མ་ཟད་བདེ་འཇགས་ཐད་ལའང་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།  འོན་ཀྱང་ཕུག་ལམ་ལེགས་འགྲུབ་བྱུང་རྗེས་དུས་ཚོད་ཁ་ཤས་ཀྱི་ལམ་ཐག་དེ་སྐར་མ་ལྔ་ཙམ་གྱི་རིང་ལ་ཐོན་ཐུབ་པས།  སྔར་ལྟར་དུས་ཚོད་ཡུན་རིང་འགོར་བ་དང་རླངས་འཁོར་དོན་རྐྱེན་སོགས་ཡོང་བར་སེམས་ཁྲལ་ཏི་འབྲུ་ཙམ་ཡང་བྱེད་མི་དགོས་པ་རེད།  
ཡུལ་སྐོར་བ།
        མ་འོངས་པའི་དུས་སུ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་བྱུང་བ་དེས།  བོད་ཁུལ་གྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ཐུབ་པ་སྨོས་མ་དགོས་ལ།  འདིའང་བོད་ཁུལ་གྱི་འགྲིལ་འགྲུམ་ཐད་ལ་བཅིངས་འགྲོལ་ཐེངས་གསུམ་པ་ཐོབ་པ་ཞིག་རེད།          གཡག་རྔ་ནས་དར་མདོའི་བར་གྱི་ལམ་ཟུར་དུ་རི་བོ་འབུག་གིས་ཕུག་པ་ལྟར་དང་གཤོང་ས་ཆུས་བསྐོང་པ་ཇི་བཞིན།  ཆུ་བོ་ཟམ་པས་བཅད་པ་སོགས་དེང་རབས་བཟོ་བཀོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཨར་ལས་ལམ་བཟོ་ལས་མ་འོངས་བོད་ཁུལ་གྱི་འཕེལ་རྒྱས་རྟོགས་ཐུབ། དེ་ནས་ང་ཚོ་གསར་འགོད་པ་ལྕགས་ཟམ་རྫོང་གི་ཉེ་འགྲམ་གྱི་ཁྲོན་བོད་ཟམ་ཆེན་དང་པོའི་འཛུགས་སྐྲུན་ཡུལ་དངོས་ལ་སོང་དེ་དེ་རུ་ལས་བཟོ་བ་ལ་བཅའ་འདྲི་བྱས་པ་ཡིན་ལ། ཁོ་ཚོས་བཤད་པ་ལྟར་ན། ཟམ་ཆེན་གྱི་ཀ་བའི་རིང་ཚད་སྨི་188ལ་སླེབས་ཤིང་། ཟམ་ངོས་ནས་ཆུ་ངོས་བར་སྨི་239ཡོད་པས། ཧ་ལམ་ཁང་བརྩེགས་70དང་མཚུངས་པ་རེད་ཅེས་ལབ་བཞིན་འདུག  གང་ལྟར་བོད་ཀྱི་འགྲུམ་འགྲིལ་འཕེལ་རྒྱས་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བའི་ཆེད་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་ཚད་མེད་བྱེད་བཞིན་པ་རྟོགས་ཐུབ།  མ་འོངས་པར་ཁྲོན་བོད་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་དང་སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་ལེགས་སྐྱོང་བྱེད་པའི་སྲིད་ཇུས་འོག   བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས། དམངས་ཀྱི་འཚོ་བ་སོགས་བསམ་ཡུལ་འདས་པའི་ཡར་རྒྱས་ཆེན་པོ་ཡོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད།།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1