ཐང་བོད་རིག་གནས་ཀྱི་བརྒྱུད་ལམ། ཡུལ་ཤུལ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-24


----གངས་ལྗོངས་ཉི་གཞོན་བོད་ཁུལ་དུ་སྐྱོད་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་འཛུམ་གྱིས་བསུ་བའི་མུ་འགོད་གསར་འགྱུར་ལས་ཁག་གཉིས་པ།
        སྤྱི་ཟླ་7པའི་ཚེས་16ཉིན།  ཞེའུ་ནས་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་ཕྱི་དྲོའི་དུས་ཚོད་6པ་ཡས་མས་ལ་ཡུལ་ཤུལ་དུ་སླེབས་སོང་།  ཡུལ་ཤུལ་གྲོང་ཁྱེར་གྱི་ཁང་པའི་བཟོ་བཀོད་དང་ཚོང་ཁང་སོགས་ཀྱི་སྒོ་བྱང་། དེ་མིན་གེ་སར་ཐང་ཆེན་སོགས་ཀྱི་འཛུགས་སྐྲུན་རྣམ་པ་ལས་རིག་གནས་དར་རྒྱས་ཆེན་པོ་ཕྱིན་ཡོད་པ་རྟོགས་ཐུབ།  

        སྤྱི་ཟླ་7པའི་ཚེས་17ཉིན།  ཞོགས་པའི་ཉི་གཞོན་རི་རྩེ་རུ་འཕྲོས་པ་དང་མཉམ་དུ་ཁྲི་འདུ་རྫོང་གི་ནོར་གནག་དུས་ཆེན་ལ་ལྟ་སྐོར་རུ་ཕྱིན་པ་ཡིན།  དེ་རུ་སྲོལ་རྒྱུན་འབྲོག་ལས་ཀྱི་རིག་གནས་རྒྱུན་འཛིན་ལེགས་པོ་བྱས་ཡོད་པ་མ་ཟད།  དེའི་ཐོག་དེང་རབས་ཀྱི་རིག་གནས་དང་ལག་རྩལ་ཁ་སྣོན་དང་ཟུང་འབྲེལ་གང་ལེགས་བྱས་འདུག  དཔེར་ན་སྲོལ་རྒྱུན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྦྲ་གུར་དང་འབྲོག་པའི་ཡོ་བྱད་གང་མང་ཞིག་བཤམས་སྟོན་བྱས་འདུག་ལ།  དེང་རབས་ཀྱི་ལག་རྩལ་བེད་སྤྱོད་བྱས་ནས་ཞོ་དང་འོ་མ།  ཕྱུར་བ་དང་ཐུད། རྩམ་པ་སོགས་ཚོང་རྟགས་ཅན་དུ་བསྒྱུར་ནས་རྒྱལ་ཡོངས་ཀྱི་ཡུལ་གྲུ་སོ་སོར་འགྲེམ་སྤེལ་གང་ལེགས་བྱེད་ཀྱིན་འདུག

        དེ་ནས་ཉིན་གུང་དུས་ཚོད་གཉིས་པ་ཡས་མས་ལ་ཟིལ་དཀར་དགོན་དུ་སླེབས་སོང་ལ།  དེ་རུ་མདོ་ཁམས་ཕྱོགས་ཀྱི་དགོན་སྡེ་དུ་མ་ཞིག་ལྷན་དུ་འཛོམས་ནས་འཇང་དགུན་ཆོས་ཐེངས་བཅོ་བརྒྱད་པ་འཚོགས་སྟེ།  ཆོས་འཆད་ཉན་གྱི་ཕྲིན་ལས་རྒྱ་ཆེན་པོ་སྤེལ་བཞིན་འདུག  ཟིལ་དཀར་དགོན་གྱི་ལུང་པའི་འདབས་སུ་བྲག་བརྐོས་རི་མོ་ངོ་མཚར་ཆེ་བ་ཞིག་མཇལ་རྒྱུ་འདུག་ལ།  དགེ་རྒན་ཚོས་གསུངས་པ་ལྟར་ན། བྲག་ངོས་ཀྱི་རི་མོ་མང་ཆེ་ཤོས་ནི་རི་དྭགས་ཤྭ་བ་ཡིན་པ་དང་བཞེངས་པའི་དུས་རབས་ཀྱི་ཐད་ལ་མཁས་པ་ཚོས་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་སྐད་འདུག  

        དེ་ནས་ཕར་ཇ་ཡུན་ཙམ་སོང་རྗེས་གུ་ཚ་ལྷ་ཁང་དུ་སླེབས་སོང་།  རྒན་རྒོན་འགས་ངོ་ལ་འཛུམ་དང་ལག་ལ་ཁ་བཏགས་བཟུང་ནས་ང་ཚོ་བསུ་མ་བྱེད་པའི་ཚུལ་ལ་བལྟས་ན། ཁོང་ཚོས་རིག་དངོས་གལ་ཆེན་གཏམས་པའི་ལྷ་ཁང་འདི་ལ་གཙིགས་ཆེན་དང་སྲུང་སྐྱོབ་ཡག་མོ་བྱེད་བཞིན་ཡོད་པ་ངང་གིས་རྟོགས་ཐུབ། ལྷ་ཁང་དེ་ལ་ཁང་པ་ཕྱི་ནང་གཉིས་འདུག་ལ། ནང་གི་ལྡེབས་རིས་དག་རྙིང་ཉམས་ཆེ་ཞིང་གཏོར་བཤིག་གི་ཚད་ཅུང་ཆུང་བ་འདུག  རྒྱུ་མཚན་ནི་རིག་གསར་སྐབས་སུ་འབྲུ་རིགས་སོགས་བཞག་ས་བྱས་ཏེ་གཏོར་བརླག་ཆེན་པོ་ཐེབས་ཡོད་མ་རེད་གསུང་བཞིན་འདུག  དེ་ནས་དགོང་མོ་དུས་ཚོད་དགུ་ལྷག་ལ་གསེར་ལྡན་ཆུ་བོའི་ངོགས་ཀྱི་གྲོག་རོང་ལམ་འཕྲོང་བརྒྱུད་དེ་མཚན་མོ་དུས་ཚོད་བཅུ་གཉིས་ཡས་མས་སུ་ཡུལ་ཤུལ་གྲོང་ཁྱེར་རུ་འབྱོར།

        སྤྱི་ཟླ་7པའི་ཚེས་18ཉིན།  དགེ་རྒན་ཆེན་མོ་ཁ་སྒང་བཀྲ་བྷོ་དང་འབུམ་རབས་གོང་མ་གཉིས།  དེ་མིན་འབྲེལ་ཡོད་ལས་བྱེད་པ་ཁག་གཅིག་དང་ལྷན་དུ་འབྲི་ཆུའི་འགྲམ་གྱི་གྲུ་དཔོན་ཚང་གི་ཁྱིམ་དུ་ལྟ་སྐོར་རུ་ཕྱིན་པ་ཡིན། དེ་རུ་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་འབུམ་གྱིས་ཕྱུག་པའི་བོད་ཁང་དང་བོད་ཀྱི་གནའ་རབས་ཡོ་བྱད།  ཁྱད་པར་དུ་ཀོ་གྲུ་བཟོ་བའི་ལག་རྩལ་དང་ལོ་རྒྱུས་གྱ་ནོམ་པ་ཞིག་ལབས་རྒྱུ་འདུག   དེ་ནས་རླངས་འཁོར་བསྡད་དེ་ལེགས་པ་ལུང་པའི་བྲག་བརྐོས་རི་མོ་དང་གནའ་ཡིག་མཇལ་དུ་ཕྱིན་པས། གནའ་མི་དག་གི་ཤེས་རབ་དང་མཛད་རྗེས་ཇི་ལྟར་ཞིག་ཡིན་པ་མེ་ལོང་གི་དངོས་སུ་བལྟས་པ་ནང་བཞིན་ཡིད་ལ་གསལ་ལེ་འཆར་བྱུང་།  དགེ་རྒན་རྣམ་པ་རྩལ་ཆེན་རྟ་ཐོག་ཏུ་སླེབས་པ་ནང་བཞིན་དེ་ལ་ཞིབ་འཇུག་དང་པར་ལེན་པ་སོགས་ཀྱི་ལས་ལ་བྲེལ་བཞིན་འདུག  དེ་ནས་ཕྱི་དྲོ་འབུས་རྣམ་པ་སྣང་མཛད་མཇལ་དུ་ཕྱིན་པས། དེ་རུ་ཉེ་བའི་སྲས་ཆེན་བརྒྱད་དང་རྒྱ་བོད་ཀྱི་གནའ་ཡིག་བྲག་བརྐོས་མ་ཡིད་ལ་ཤོང་དཀའ་བ་ཞིག་མཇལ་རྒྱུ་འདུག   གནས་དེའི་བདག་གཉེར་བས་ངོ་སྤྲོད་གནང་བ་བརྒྱུད་ནས་ཕྱི་ནང་གི་གནའ་ཤུལ་ཡོངས་རྫོགས་ཞིབ་མོ་བྱས་ནས་མཇལ་བ་ཡིན།

        སྤྱི་ཟླ7པའི་ཚེས་19ཉིན།  སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ལ་ཡུལ་ཤུལ་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་རུ་ཕྱིན་པ་ཡིན།  དེ་རུ་ཡུལ་ཤུལ་གྱི་ཁྱད་ཆོས་རབ་ཏུ་ལྡན་པའི་རིག་དངོས་དང་གནའ་རྫས།  སྲོག་ཆགས་ཀྱི་རྣམ་པ་སོགས་རིན་ཐང་གཞལ་བ་དཀའ་བའི་དངོས་རྫས་བགྲང་ལས་འདས་པ་ཉར་ཚགས་དང་འགྲེམ་སྟོན་བྱས་འདུག   ཉིན་གུང་དཔལ་ཐང་རྩྭ་ཐང་དུ་སོང་ཞིང་། དེ་རུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་《སྟོན་པའི་གོས་སྐུ་ཆེན་མོ།》ཡི་འཛམ་གླིང་ཟིན་ཐོའི་བདེན་སྤྲོད་བྱེད་སྒོ་སྤེལ་བཞིན་འདུག་ལ། གོས་སྐུ་ཆེན་མོ་འདིའི་ཇུས་འགོད་དང་འགན་འཛིན་པ་ནི་ཡུལ་ཤུལ་ཁུལ་གྱི་བོད་ལྭ་ཇུས་འགོད་པ་ཕུར་བུ་སྒྲོལ་མ་རེད། གོས་སྐུ་ཆེན་མོ་འདིའི་སྤྱིའི་རིང་ཚད་ལ་སྨི་123དང་ཞེང་ཚད་ལ་སྨི་87 སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་10701ཡོད་ལ། ལྷོ་མི་ཡེལ དགོན་པའི་ལྷོ་པ་སྐྱབས་མགོན་རིན་པོ་ཆེས་སྤྱིའི་འགྲོ་གྲོན་དམངས་སྒོར་ཁྲི་470བཏང་ནས་ལོ་ངོ་བདུན་གྱི་རིང་ལ་བཞེངས་པ་རེད།

        ཕྱི་དྲོ་ལ་བོད་མི་སྒེར་གྱིས་ཉར་ཚགས་དང་བསྡུ་ཉོ། དོ་དམ་སོགས་བྱེད་བཞིན་པའི་དངོས་མང་བཤམས་སྟོན་ཁང་དང་ཁེ་ལས་གཉིས་ཀྱི་ནང་དུ་ལྟ་སྐོར་རུ་ཕྱིན་པ་ཡིན་ལ། གྲངས་འབོར་དང་སྤུས་ཚད་ཀ་ལེགས་པའི་དངོས་རྫས་དེ་དག་ལས་ཀྱང་ཡུལ་ཤུལ་ཁུལ་གྱིས་རིག་དངོས་བདག་སྐྱོང་ཐད་ལ་བཅངས་པའི་སེམས་འདུག་དེ་མཚོན་འདུག  མདོར་ན་ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་མི་དམངས་ཀྱིས་བློ་སེམས་གཅིག་ཏུ་སྦྲེལ་ནས་སྲོལ་རྒྱུན་དང་དེང་རབས་རིག་གནས་ཀྱི་ལེགས་ཆ་མཐའ་དག་འཛིན་སྐྱོང་སྤེལ་གསུམ་ལེགས་པོ་གནང་བཞིན་པ་རྟོགས་ཐུབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1