༄༅། །ཨོ་རྒྱན་པད་ཞྭ་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། སྤེལ་དུས། 07-24


        ཨོ་རྒྱན་པད་ཞྭ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་རྒྱལ་བ་འོད་དཔག་མེད་ཀྱི་རྣམ་རོལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དབུ་ཞྭ་ཡིན་པའི་ཆ་ནས་ཨོ་རྒྱན་པད་ཞྭ་ཞེས་བརྗོད་ཅིང། དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པ་དེ་ཉིད་ལྷོ་ནུབ་འོ་མ་ཅན་གྱི་མཚོ་གླིང་དུ་ཕ་ཡི་རྒྱུ་དང་མ་ཡི་རྐྱེན་ལ་མ་ལྟོས་པར་པདྨ་གེ་སར་གྱི་སྡོང་པོར་རིག་པ་ཐོལ་སྐྱེས་སུ་འཁྲུངས་ཤིང་སྣང་སྲིད་གཞིར་བཞེངས་སུ་རྟོགས་དུས། མཚོ་གླིང་མཁའ་འགྲོ་མ་རྣམས་ཀྱིས་རིགས་བདག་གི་ཚུལ་དུ་གསོལ་བ་ལ་པདྨ་ཁ་འབུས་ཞེས་བྱ་བ་སྟོད་ལྡིར་ལ་སྨད་ཅུང་ཟད་ཞུམ་པ་དང། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང། ལེགས་ཉེས་ཀྱི་མཐའ་སྟོངས་པའི་དུས་སུ་མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་དུ་མངའ་གསོལ་གཟེངས་བསྟོད་ཀྱི་ཚུལ་དུ་ཕུལ་བ་པད་ཞྭ་སྣང་སྲིད་ཟིལ་གནོན་ནམ་ཤ་བའི་མཉེན་ཞུར་གྲགས་པ་ཞྭ་འདབས་ཀྱི་ཟུར་ཅུང་ཟད་རྣོ་བ་དང། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱིས་གསོན་སྲེག་མཛད་པ་ན། རྡོ་རྗེའི་སྐུ་ལ་འབྱུང་བ་མེ་ཡིས་གནོད་པས་མ་ཚུགས་པར་ཟ་ཧོར་རྒྱལ་ཁམས་ཐམས་ཅད་དད་པའི་ས་ལ་བཀོད་པའི་ཚེ། རྒྱལ་པོ་གཙུག་ལག་འཛིན་གྱིས་ཕུལ་བ་ལ་པད་ཞྭ་རིན་ཆེན་སྤྱི་བླུགས་སམ་པདྨ་མཐོང་གྲོལ་ལམ་འདབ་ལྡན་རིགས་ལྔར་གྲགས་པ་རྣམས་དང། ཡང་ན་ཕྱི་སྣང་སྲིད་ཟིལ་གནོན་གྱི་པད་ཞྭ། ནང་བྱིན་རླབས་ཡེ་ཤེས་འབེབས་པའི་འདབ་ལྡན་རིགས་ལྔ། གསང་བ་རྒྱུན་ཁྱེར་རིགས་བདག་མཚོན་བྱེད་གཅུག་ཞྭ་དང་གསུམ་དུ་འབྱུང་བ་ལས། མཚོན་དོན་ཕལ་ཆེར་དགོངས་པ་གཅིག་པར་གནས་པས་ན་འདིར་པདྨ་མཐོང་གྲོལ་གྱི་ཚུལ་ནི། བསྐྱེད་རྫོགས་ཟུང་འཇུག་མཚོན་པའི་བརྡར་ཡར་རྩེ་གསུམ། སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་བརྡར་ཁ་དོག་ལྔ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་བརྡར་ཉི་མ་དང་ཟླ་བ། དམ་ཚིག་ལ་མུ་མཐའ་མེད་པའི་བརྡར་མུ་ཁྱུད་མཐིང་ག ཏིང་ངེ་འཛིན་གཡོ་འགུལ་མེད་པའི་བརྡར་རྡོ་རྗེའི་ཏོག ལྟ་བའི་ཡང་རྩེ་རྟོགས་ཤིང་སྒྲུབ་པ་མཐའ་རུ་ཕྱིན་པའི་བརྡར་རྒོད་ཀྱི་རྩེ་སྒྲོས་བརྒྱན་པ་རྣམས་སོ། །གཞན་ཡང་ནམ་མཁའ་ཁྱུང་ལྡིང་ཞེས་པ་འདབ་གསུམ་ནག་པོ། པཎ་ཞྭ་ཡེ་ཤེས་རང་གསལ་ཞེས་འདབ་བཞི་རྣ་བ་སྔོན་པོ། སྤྱོད་ཞྭ་པདྨ་མཐོང་གྲོལ་ཞེས་པ་རྡོར་ཐག་གོང་ཞུ་དམར་སེར་ཅན། མཆོག་ཞྭ་རྡོ་རྗེ་རྩེ་མོ་ཞེས་པ་སྨིན་གླིང་གོང་ཞྭ་དམར་སྨུག་རྡོ་རྗེའི་ཏོག་ཅན་དང། ཡང་པཎ་གྲུབ་ཀྱི་ཞྭ་ལྟར་ལ་རྩེ་འགུག་པ་ཞྭ་འདབ་པད་ཞྭ་དང་འདྲ་བར་མཐའ་ལྕགས་འཁྱོགས་འགྲོས་སུ་བཀོད་པ་ཅོད་པཎ་ལྷབ་ལྷུབ་འཁྱོགས་རིས་ཅན་རྣམས་ཏེ་འདི་དག་ལ་རིག་འཛིན་སྤྱི་ཞྭའམ་བཅུག་ཞྭ་ཞེས་བྱ་སྟེ། དེ་ལ་གཏེར་སྟོན་རྣམས་ཀྱི་དབུ་ཞྭ་ནི་ཉི་ཟླ་རྩེ་སྒྲོ་མེད་པ་རྡོ་རྗེའི་ཏོག་ཅན་ཤས་ཆེ་བ་དང། བཅུག་ཞྭ་བྱིངས་ལ་ནི་ཏོག་མེད་པ་ཡིན་ནོ། ཁྱད་པར་པདྨ་ཁ་འབུས་ཀྱི་ལུགས་ནི་ཞྭ་འདབ་བརྩེགས་པ་མང་དུ་དོད་པའོ།། བཅུག་ཞྭ་ཁ་ཅིག་གི་རྒྱབ་ནི་རྣ་ལྟག་གཡས་གཡོན་ནས་རིམ་གྱིས་གྱེན་དུ་འཁོར་བ་རི་བོ་ལྟར་རོ། ། ཁ་ཅིག་ནི་རྣ་ལྟག་གཉིས་ནས་རྒྱབ་དཀྱིལ་དུ་རིགས་ལྔ་ལྟར་མཐའ་ལྕགས་འཁྱོགས་འགྲོས་སུ་མཐོ་དམན་ལེགས་པར་བརྒྱན་པ་རྣམས་སོ། །གཞན་ཡང་པདྨ་སམ་ཞྭ་དང། པཎ་ཞྭ་རྣ་ཐུང། གཏེར་ཞྭ་ཌཱཀྐིའི་སྤྲིན་ཕུང་སོགས་དང། ཀཿཐོག་པའི་ཕྱོགས་སུ་སྟོང་ཉིད་སྒོམ་ཞྭ་རུ་གྲགས་པ་དབྱིབས་འདབ་ལྡན་དང་འདྲ་བ་ཁ་གཅིག་སྟོང་ཉིད་ལྡེམ་ཞྭ་དང་གསལ་སྟོང་སྒོམ་ཞྭ་ཞེས་ཀྱང་ཟེར། ཨོ་རྒྱན་སྨིན་གྲོལ་གླིང་དུ་གཏེར་ཆེན་འགྱུར་མེད་རྡོ་རྗེའི་དབུ་ཞྭ་བཟང་གོས་སྔོ་ནག་གསེར་གྱི་མེ་ཏོག་ཅན་གཡས་གཡོན་ཁྱུང་རུ་གཉིས་ལ་གོས་དམར་སེར་གྱི་འཇའ་བསྒྲིགས་པ། ཐོད་ཁ་པད་འདབ་གཅིག་པའི་དཀྱིལ་གསེར་གྱི་རྡོ་རྗེ་རྒྱ་གྲམ། རྡོ་རྗེ་རྩེ་མོ་ལྔ་པའི་ཏོག་ལ་དར་སྣ་ལྔ་ཡི་ཅོད་པཎ་འཕྱང་པ་ཞིག་དང། ཡང་པདྨ་སམ་ཞྭ་རྣ་མ་རིང་ཐུང་གང་རུང་ལ་མཐའ་ལྕགས་འཇའ་སྒྲིག་ཅན། རྩེ་ཟླུམ་ལ་ཉམས་དོད་པ། འདབས་གྱེན་དུ་ལོག་རྒྱུ་མེད་པ། ཐོད་པ་ནས་གཡས་གཡོན་པདྨ་ལྟ་བུའི་ངོ་སྒོ་བཏོད་པ་བཅས་ཕྱག་ལེན་འདེབས་པར་གྲགས་སོ། དེ་ལྟར་ཞྭ་འདི་དག་མཇལ་བ་རྣམས་ཀྱིས་བདག་ཚེ་རབས་ཀུན་ཏུ་ཨོ་རྒྱན་ཆེན་པོའི་རྗེས་སུ་འཇུག་པར་གྱུར་ཅིག བསྐྱེད་པ་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་རྣམས་ཀྱི་ཉམས་ལེན་མཐར་ཕྱིན་པར་གྱུར་ཅིག རིག་འཛིན་རྣམ་བཞིའི་ས་ལ་བགྲོད་ནུས་པར་གྱུར་ཅིག རྔ་ཡབ་པདྨ་འོད་ཀྱི་ཞིང་ཁམས་སུ་རིག་འཛིན་ཕོ་མོ་རྣམས་ཀྱི་གྲལ་དུ་ཚུད་དེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ནུས་པར་གྱུར་ཅིག་སྙམ་དུ་སྨོན་དགོས་པའོ། ། གཞན་ཡང་བླ་མ་དགོངས་འདུས་ལས་ཞྭ་ཆོས་རིན་ཆེན་སྤུངས་པ་དང། རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཀྱི་ཞྭ་ཆོས་རིན་ཆེན་འབར་བ་སོགས་ལ་འཇུག་པར་བྱའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1