༄༅།། རྐང་བདག(མ་རྐང་འཇོག་མཁན)གི་ཁེ་དབང་དང་འོས་འགན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-24


        རྐང་བདག་གིས་དངོས་སུ་མ་དངུལ་བཞག་པའི་བསྡུར་ཚད་ལྟར་ཁེ་འབབ་བགོ་རྒྱུ་དང་། ཀུང་སིས་མ་རྩ་གསར་དུ་སྣོན་སྐབས་རྐང་བདག་ལ་དངོས་སུ་མ་དངུལ་བཞག་པའི་གྲངས་ཚད་ཀྱི་བསྡུར་ཚད་ལྟར་སྔོན་ལ་མ་དངུལ་འཇོག་གྲངས་ཁས་བླངས་ནས་འཇོག་དབང་ཡོད། འོན་ཀྱང་རྐང་བདག་ཡོངས་རྫོགས་ཀྱིས་མ་དངུལ་བཞག་གྲངས་ཀྱི་བསྡུར་ཚད་ལྟར་ཁེ་འབབ་མི་བགོ་བའམ་ཡང་ན་མ་དངུལ་བཞག་གྲངས་ཀྱི་བསྡུར་ཚད་ལྟར་སྔོན་ལ་མ་དངུལ་འཇོག་གྲངས་ཁས་བླངས་ནས་མི་འཇོག་རྒྱུའི་ཁ་ཆད་བྱས་པ་འདིར་ཚུད་མེད།
        ཀུང་སི་བཙུགས་རྗེས་རྐང་བདག་གིས་མ་དངུལ་ཕྱིར་འཐེན་བྱེད་མི་ཆོག རྐང་བདག་གིས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ཀུང་སིའི་སྒྲིག་ཡིག་བཅས་ལ་བརྩི་སྲུང་ཞུ་དགོས་པ་ལས་རྐང་བདག་གི་ཁེ་དབང་གང་བྱུང་དུ་བེད་སྤྱད་དེ་ཀུང་སིའམ་ཡང་ན་རྐང་བདག་ཁེ་ཕན་ལ་གནོད་འཚེ་གཏོང་རིཊ་བྱེད་མི་རུང་བ་དང་། ཀུང་སིའི་ཁྲིམས་ཚན་གྱི་རང་ཚུགས་གནས་བབ་དང་རྐང་བདག་གི་ཚད་ཡོད་འགན་འཁྲི་གང་བྱུང་དུ་བེད་སྤྱོད་བྱས་ནས་ཀུང་སིའི་བུན་བདག་གི་ཁེ་ཕན་ལ་གནོད་འཚེ་གཏོང་རིགས་བྱེད་མི་རུང་། ཀུང་སིའི་རྐང་བདག་གིས་རྐང་བདག་གི་དབང་ཆ་གང་བྱུང་དུ་སྤྱད་དེ་ཀུང་སིའམ་ཡང་ན་རྐང་བདག་གཞན་ལ་གྱོང་གུན་བཟོས་ན་བཅའ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་འགན་འཁུར་དགོས། ཀུང་སིའི་རྐང་བདག་གིས་ཀུང་སིའི་ཁྲིམས་ཚན་གྱི་རང་ཚུགས་གནས་བབ་དང་རྐང་བདག་གི་ཚད་ཡོད་འགན་འཁྲི་གང་བྱུང་དུ་སྤྱད་དེ་བུན་འགན་གཡོལ་ཐབས་བྱས་ནས་ཀུང་སིའི་བུན་བདག་གི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ན་ཀུང་སིའི་བུ་ལོན་ཐད་ལེ་འབྲེལ་གྱི་འགན་འཁྲི་འཁུར་དགོས།
        ཀུང་སིའི་མ་རྐང་ཚོད་འཛིན་བྱེད་ནུས་པའི་རྐང་བདག་དང་། དངོས་སུ་ཚོད་འཛིན་བྱེད་མཁན། ལས་འཛིན་པ། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱིས་རང་གི་དགའ་ཉེའི་འབྲེལ་བ་སྤྱད་དེ་ཀུང་སིའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་། གོང་འཁོད་ནང་གསེས་ཀྱི་གཏན་འབེབས་ལས་འགལ་ནས་ཀུང་སིར་གྱོང་གུན་བཟོས་ན་སྐྱིན་ཚབ་སྤྲོད་འགན་འཁུར་དགོས། ཀུང་སིའི་རྐང་བདག་ལྷན་ཚོགས་སམ་རྐང་བདག་ཚོགས་ཆེན་དང་། ལས་འཛིན་ལྷན་ཚོགས་བཅས་ཀྱི་གྲོས་ཆོད་ནང་དོན་རྣམས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་འགལ་ཡོད་རིགས་སྤྱོད་གོ་མི་ཆོད་པ་ཡིན། རྐང་བདག་ལྷན་ཚོགས་སམ་རྐང་བདག་ཚོགས་ཆེན་དང་། ལས་འཛིན་ལྷན་ཚོགས་བཅས་ཀྱི་ཚོགས་འདུ་སྐོང་ཚོགས་བྱེད་པའི་གོ་རིམ་དང་བརྡས་ཐག་གཅོད་སྟངས་དེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལམ་ཡང་ན་ཀུང་སིའི་སྒྲིག་ཡིག་ལས་འགལ་བའམ་གྲོས་ཆོད་ཀྱི་ནང་དོན་ཀུང་སིའི་སྒྲིག་ཡིག་ལས་འགལ་བར་རྐང་བདག་གིས་གྲོས་ཆོད་བཞག་པའི་ཉིན་མོ་ནས་བརྩིས་པའི་ཉིན་དྲུག་བཅུའི་ནང་མི་དམངས་ཁྲིམས་ཁང་ལ་ཕྱིར་འཐེན་བྱེད་རེ་ཞུས་ཆོག རྐང་བདག་གིས་གོང་གསལ་ནང་གསེས་ཀྱི་གཏན་འབེབས་ལྟར་ཞུ་གཏུག་བྱས་ན་མི་དམངས་ཁྲིམས་ཁང་གིས་ཀུང་སིའི་རེ་འདུན་ལྟར་རྐང་བདག་ལ་བབ་མཐུན་གྱི་ཁག་ཐེག་མཁོ་འདོན་བྱེད་རེ་བཏོན་ཆོག
        རྐང་བདག་ཚང་མས་ཀུང་སིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་སོ་སོས་ཁས་བླངས་པའི་མ་དངུལ་འཇོག་གྲངས་དུས་བཀག་ལྟར་གྲངས་ཚད་ལོངས་པར་འཇལ་སྤྲོད་བྱ་དགོས། རྐང་བདག་གིས་དངུལ་ལོར་མ་དངུལ་དུ་འཇོག་རྒྱུ་ཡིན་ན། འགན་འཁྲི་ཚད་ཡོད་ཀུང་སིས་དངུལ་ཁང་དུ་བཙུགས་པའི་ཐོ་ཁོངས་སུ་མ་དངུལ་འཇོག་རྒྱུའི་དངུལ་ལོར་གྲངས་ཚད་ལོངས་པ་བཅོལ་དགོས་པ་དང་། དངུལ་ལོར་མ་ཡིན་པའི་རྒྱུ་ནོར་མ་དངུལ་དུ་འཇོག་རིགས་ཀྱིས་བཅའ་ཁྲིམས་ལྟར་སོ་སོའི་རྒྱུ་ནོར་བདག་དབང་སྤོ་སྒྱུར་བྱེད་པའི་འགྲོ་ལུཊ་འགྲིམ་དགོས། རྐང་བདག་གིས་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་ལྟར་མ་དངུལ་མ་སྤྲད་ན། ཀུང་སིར་གྲངས་ཚད་ལོངས་པ་འཇལ་སྤྲོད་བྱ་དགོས་པ་ཕུད། ད་དུང་དུས་བཀག་ལྟར་མ་དངུལ་གྲངས་ཚད་ལོངས་པ་འཇལ་སྤྲོད་ཚར་བའི་རྐང་བདག་རྣམས་ལ་གན་དོན་དང་འགལ་བའི་ཁག་འགན་ཡང་འཁུར་དགོས།  
        འགན་འཁྲི་ཚད་ཡོད་ཀུང་སི་བཙུགས་པའི་རྗེས་སུ་ཀུང་སི་འཛུགས་རྒྱུའི་མ་དངུལ་དུ་བཞག་པའི་དངུལ་ལོར་མ་ཡིན་པའི་རྒྱུ་ནོར་གྱི་རིན་གྲངས་དངོས་ཀུང་སིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་དངུལ་གྲངས་ལས་མངོན་གསལ་དུ་ཉུང་བ་ཡིན་པ་ཤེས་ན། མ་དངུལ་དེ་དག་སྤྲོད་མཁན་གྱི་རྐང་བདག་དེས་ཆད་གྲངས་ཡོངས་སུ་གསབ་དགོས།
        རྐང་བདག་ལ་ཀུང་སིའི་སྒྲིག་ཡིག་དང་། རྐང་བདག་ལྷན་ཚོགས་ཀྱི་གྲོས་ཚོགས་ཟིན་ཐོ། ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་གྲོས་ཆོད། ལྟ་ཞིབ་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་གྲོས་ཆོད། ནོར་དོན་རྩིས་གཉེར་གྱི་སྙན་ཞུ། ཀུང་སིའི་རྩིས་གཉེར་གྱི་རྩིས་ཐོ་བཅས་ལ་ལྟ་ཞིབ་དང་འདྲ་བཟོ་བྱེད་དབང་ཡོད། རྐང་བདག་གིས་ཀུང་སིའི་རྩིས་གཉེར་གྱི་རྩིས་ཐོ་ལྟ་ཞིབ་བྱེད་རྒྱུའི་བླང་བྱ་འདོན་ན་ཀུང་སིར་ཡིག་ཐོག་གི་རེ་འདུན་ཞུས་ནས་དམིགས་ཡུལ་གསལ་བཤད་བྱ་དགོས། ཀུང་སིར་རྐང་བདག་གིས་རྩིས་གཉེར་གྱི་རྩིས་ཐོ་ལྟ་ཞིབ་བྱེད་པར་ཚུལ་དང་མི་མཐུན་པའི་དམིགས་ཡུལ་ཡོད་པ་དང་། ཀུང་སིའི་ཁྲིམས་མཐུན་ཁེ་ཕན་ལ་གནོད་སྲིད་སྙམ་པའི་ལུགས་མཐུན་གྱི་གཞི་འཛིན་ས་ཡོད་ན། ལྟ་ཞིབ་བྱེད་དུ་མ་འཇུག་ན་ཆོག་པ་མ་ཟད་རྐང་བདག་གིས་ཡིག་ཐོག་གི་རེ་འདུན་ཞུ་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་རྐང་བདག་ལ་ཡིག་ཐོག་ནས་ལན་འདེབས་དགོས་པ་མ་ཟད།རྒྱུ་མཚན་གསལ་བཤད་ཀྱང་བྱ་དགོས། ཀུང་སིས་ལྟ་ཞིབ་བྱེད་དུ་མ་བཅུག་ན། རྐང་བདག་གིས་མི་དམངས་ཁྲིམས་ཁང་ལ་རེ་ཞུ་བྱས་ཏེ་ཀུང་སིར་ལྟ་ཞིབ་བྱ་རྒྱུའི་བླང་བྱ་འདོན་ཆོག
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1