༄༅།། བསམ་བསེའུ་ནུས་པར་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

འབྲུག་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 07-24


        རྒྱུན་པར་བུད་མེད་མང་པོ་ཞིག་གིས་རང་ཉིད་ཀྱི་ཟླ་མཚན་འབབ་ཡུན་རྗེས་སུ་སྣུར་བ་དང་། འབབ་ཚད་ཀྱང་ཇེ་ཉུང་ལ་སོང་བར་མ་ཟད། ད་དུང་དེ་དང་བསྡོངས་ནས་མཚམས་རེར་ཚ་རྒྱས་པ་དང་རྔུལ་ཆུ་བཞུར་བ། སེམས་འཚིག་པ་སོགས་བྱུང་ན། བསམ་བསེའི་ནུས་པ་སྔ་མོ་ནས་ཉམས་སོང་བར་འདོད་ཀྱིན་ཡོད། དེང་སྐབས་བསམ་བསེའི་ནུས་པ་སྔ་མོ་ནས་ཉམས་རྒུད་དུ་འགྲོ་བ་དེ་བུད་མེད་མང་པོ་ཞིག་གིས་སེམས་ཁུར་བྱེད་ཡུལ་དུ་གྱུར་ཡོད།
བསམ་བསེའུ་ནུས་པ་སྔ་མོ་ནས་ཉམས་རྒུད་འགྲོ་བར་དོ་སྣང་བྱེད་དགོས། 
        བསམ་བསེའུ་ནུས་པ་སྔ་མོ་ནས་ཉམས་རྒུད་དུ་འགྲོ་བ་དེ་ནི་བུད་མེད་རྣམས་ལོ་བཞི་བཅུའི་སྔོན་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཟླ་མཚན་ཆད་པ་དང་། མངལ་མི་ཆགས་པ། མོ་གཤིས་སྐུལ་རྩིས་མི་འདང་བ། གཤེར་རྨེན་སྐུལ་རྩི་ཇེ་མཐོར་སོང་བ་བཅས་ལས་བསླངས་པའི་ནད་རིགས་ཤིག་རེད། 
        ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། ལོ་བཞི་བཅུར་མ་ཐོན་གོང་ལ་བསམ་བསེའུ་ནུས་པ་སྔ་མོ་ནས་ཉམས་རྒུད་དུ་འགྲོ་ཚད་དེ་བརྒྱ་ཆའི་གཅིག་མ་གཏོགས་མེད་ཅིང་། ལོ་སུམ་ཅུར་མ་བུད་གོང་བསམ་བསེའུ་ནུས་པ་ཉམས་རྒུད་དུ་འགྲོ་ཚད་སྟོང་ཆའི་གཅིག་ཙམ་ཡིན། ལོ་བཞི་ཅུར་བུད་མེད་པའི་ན་གཞོན་བུད་མེད་རྣམས་ཀྱིས་བསམ་པར་རང་ཉིད་ད་དུང་ལོ་ཆུང་ཞིང་བསམ་བསེའུ་ནུས་པ་ཉམས་པའི་དུས་ལ་ཐོན་མེད་པས། ཟླ་མཚན་ཇེ་ཉུང་དུ་གྱུར་བའམ་ཐ་ན་ཆད་པའི་སྣང་ཚུལ་བྱུང་ནའང་གནས་སྐབས་ཙམ་ཡིན་པས་སྐྱོན་མེད་པར་འདོད་ཀྱིན་ཡོད། དེ་ཡང་མིན་ཏེ། གོང་དུ་བཤད་པ་བཞིན་ལོ་བཞི་བཅུར་མ་བུད་པར་བསམ་བསེའུ་ནུས་པ་སྔ་མོ་ནས་ཉམས་འགྲོ་བའི་གནས་ཚུལ་ཡང་ཡོད་པས། དེ་ལ་དོ་སྣང་བྱས་ནས་དུས་ཐོག་ཏུ་གསོ་བཅོས་བྱེད་དགོས། 
        བསམ་བསེའུ་ནུས་པ་སྔ་མོ་ནས་ཉམས་རྒུད་དུ་འགྲོ་བ་དེར་མངོན་རྟགས་ཆེན་པོ་གཉིས་ཡོད་པ་ནི་ཟླ་མཚན་མི་སྙོམས་པ་དང་མོ་གཤིས་སྐུལ་རྩི་ཇེ་ཉུང་དུ་འགྲོ་བ་དེ་ཡིན། ཟླ་མཚན་མི་སྙོམས་པ་དེར་ཟླ་མཚན་ཆད་ནས་ཟླ་དྲུག་ཙམ་དང་ཡང་ན་དེའི་ཡན་འགོར་བའམ་ཟླ་འགའ་རེའི་མཚམས་སུ་ཟླ་མཚན་ཐེངས་རེ་འབབ་པའམ་ཆོས་ཉིད་མེད་པར་སྐྱེས་ལམ་ནས་ཁྲག་འབབ་པ་བཅས་འབྱུང་། མོ་གཤིས་སྐུལ་རྩི་ཇེ་ཉུང་དུ་སོང་བའི་མངོན་རྟགས་ནི་སྐབས་རེར་དུས་ཡུན་ཐུང་ངུའི་ནང་ཚ་རྒྱས་ནས་རྔུལ་ཆུ་བཞུར་བ་དང་། སེམས་མི་སྐྱིད་པ་དང་སེམས་ཁྲལ་ཆེ་བ། གཉིད་མི་འབབ་པ། དྲན་ཤེས་ཉམས་པ་སོགས་འབྱུང་ལ། སྐྱེས་ལམ་དུ་ཟ་འཕྲུག་ལངས་པ་དང་ཚ་ཤུར་རྒྱག་པ། གཅིན་ཁ་སྙི་བ། གཅིན་འགགས་པ་སོགས་འབྱུང་། སྤྱིར་བཤད་ན། ལོ་བཞི་བཅུར་བུད་མེད་པའི་བུད་མེད་ལ་ཟླ་མཚན་ཆད་པ་དང་མི་སྙོམས་པའི་སྐབས་སུ་མོ་གཤིས་སྐུལ་རྩིར་བརྟག་དཔྱད་བྱེད་དགོས་ཤིང་། གལ་ཏེ་བསམ་བསེའུ་ནུས་པ་ཉམས་པའམ་ཇེ་ཞན་དུ་སོང་ཡོད་ན་དུས་ཐོག་ཏུ་གསོ་བཅོས་བྱེད་དགོས། 
བསམ་བསེའུ་ནུས་པར་སྲུང་སྐྱོབ་གང་ལེགས་བྱེད་དགོས།
        བུད་མེད་ལ་ལས་རང་ཉིད་ཀྱི་བསམ་བསེའུ་ནུས་པ་ཉམས་རྒུད་དུ་འགྲོ་བ་ཤེས་ཚེ་སེམས་འཚབ་སྟེ་སྨན་སྣ་ཚོགས་བསྟེན་ནས་བསམ་བསེའུ་ཉམས་པར་སྲུང་སྐྱོབ་བྱེད་ཅི་ཐུབ་བྱེད་བཞིན་ཡོད། དེ་ལྟར་བྱས་ན་བསམ་བསེའུ་ནུས་པར་སྲུང་སྐྱོབ་བྱེད་ཐུབ་བམ་ཞེ་ན། དོན་དངོས་སུ་བསམ་བསེའུ་ནི་མཚང་ཞབས་སུ་ཡོད་པས། གསུས་སྐྱི་ལ་ཕུར་མཉེད་བྱས་ན་བསམ་བསེའུ་ལ་རེག་མི་ཐུབ་པས་ཕན་པ་ཅི་ཡང་འབྱུང་མི་ཐུབ། མོ་གཤིས་སྐུལ་རྩི་འདུས་པའི་སྨན་རྫས་འགའ་རེ་འཐུང་ནས་བསམ་བསེའི་ནུས་པར་སྲུང་སྐྱོབ་བྱེད་པ་དེར་ཕན་པ་མེད་པར་མ་ཟད། ད་དུང་དེ་ལས་ལྡོག་སྟེ་ཁམས་ཝུ་མྱུར་དུ་ཟད་གྲོན་དུ་གཏོང་སྲིད། དེ་བས་བསམ་བསེའུ་ནུས་པ་ཉམས་སྔ་བའི་བུད་མེད་རྣམས་ཀྱིས་རང་འདོད་ཀྱིས་གསོ་བཅོས་སྣ་ཚོགས་མི་བྱེད་པར་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་ཡང་དག་པའི་གསོ་བཅོས་བྱེད་པ་དང་ལུས་གསོ་བྱེད་ཐབས་སྤྱོད་དགོས། 
        བདེ་ཐང་སྒོས་འཚོ་བ་རོལ་བའི་གོམས་གཤིས་ཆགས་ན་བསམ་བསེའུ་ནུས་པ་ཉམས་སྔ་བར་སྔོན་འགོག་བྱེད་ཐུབ། 
        དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། མཚན་བསྐྱལ་ནས་གཉིད་ཆག་པ་དེ་བསམ་བསེའུ་ནུས་པ་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། རྒྱུན་པར་འགྲོ་འདུག་ཉལ་འཆག་ལ་གོ་རིམ་ཡོད་པར་བྱས་ནས་དགོང་མོའི་དུས་ཚོད་བཅུ་གཅིག་གི་སྔོན་དུ་གཉིད་ནས་ངལ་གསོ་དགོས། ཐ་མག་གི་ནང་དུ་འཚིག་སྣུམ་དང་ཉིས་གུའུ་ཏེན་ཞེས་པའི་གནོད་ལྡན་དངོས་རྫས་ཡོད་ཅིང་། དེས་ཁམས་དམར་ཕྲ་ཕུང་ལ་གནོད་བསྐྱལ་སྲིད་པས། ཐ་མག་འཐེན་པའི་བུད་མེད་ཀྱི་བསམ་བསེའུ་ནུས་པ་སྔ་མོ་ནས་ཉམས་འགྲོ་བ་རེད། བཟའ་བཏུང་གི་ཕྱོགས་ནས། ཟས་ཐུན་རེ་རེ་དུས་ལྟར་ཟ་བ་དང་ཟ་ཚད་ལའང་དོ་སྣང་བྱེད་དགོས་ཏེ་མང་བཟའ་མང་འཐུང་མི་བྱེད་པ། འཚོ་བཅུད་དོ་མཉམ་ཡོང་བ་བཅས་བྱེད་དགོས། དེ་ལས་གཞན་སེམས་ཁུར་ཆེ་བ་དང་སེམས་འཚབ་པ་དང་སེམས་མི་སྐྱིད་པ་བཅས་ཡང་བསམ་བསེའུ་ནུས་པ་ཉམས་རྒུད་དུ་གཏོང་བའི་རྒྱུ་རྐྱེན་ཞིག་ཡིན། ད་དུང་བསམ་བསེའུ་ནུས་པ་ཉམས་པའི་བུད་མེད་རྣམས་ཀྱིས་ཉིན་རྒྱུན་འཚོ་རྒྱུ་བེ་ཧྲིན་སུའུ་དང་ཀལ་སོགས་འཐུང་ནས། སྐུལ་རྩི་ཉུང་བ་ལས་བྱུང་བའི་རུས་སོབ་ཀྱི་ནད་འབྱུང་བར་སྔོན་འགོག་བྱེད་དགོས། དུས་མཚུངས་སུ་ལུས་ཕུང་སྦྱོང་བརྡར་བྱས་ནས་རང་ཉིད་ཀྱི་ལུས་སྟོབས་ཇེ་བཟང་དུ་གཏོང་དགོས། 
        སྔ་མོ་ནས་གསོ་བཅོས་བྱེད་པ་ནི་བསམ་བསེའུ་ནུས་པ་ཉམས་སྔ་བར་གསོ་བཅོས་བྱེད་པའི་བྱེད་ཐབས་ཉག་ཅིག་ཡིན། བསམ་བསེའུ་ནུས་པ་ཉམས་རྒུད་དུ་འགྲོ་མགོ་བརྩམས་པའམ་ཉམས་པའི་སྐབས་སུ། དུས་ཐོག་ཏུ་སྨན་པར་བསྟན་ནས་གསོ་བཅོས་བྱེད་དགོས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1