༄༅།། བྱམས་པ་ཁུར་མོང་།

རྡོ་རྗེ་འཇིགས་བྱེད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-27


ཨིག་ཧིན་རོས།ཞོའེ་ཧྲོ་ཡོའེ་ཡིས་བརྩམས། རྡོ་རྗེ་འཇིགས་བྱེད་ཀྱིས་བསྒྱུར།



        ཧྲོ་ལོན་པའོ་ཁྱིམ་ཚང་གསོལ་ཚིགས་ཁང་དང་གན་རྒྱ་བཞག་པ་ནི་སཱ་ལས་དཔའ་ཁེར་རྒྱུག་གིས་འཇིག་རྟེན་འགྲིམས་པའི་རྒྱལ་ཁ་དང་པོ་དེ་ཡིན།
        གསོལ་ཚིགས་ཁང་དེ་ནི་མོས་གླས་པའི་གྱོ་མོག་དམར་པོ་ཅན་གྱི་ཁང་པ་རྙིང་པ་དེའི་འཁྲིས་སུ་ཡོད། ཉིན་ཞིག་མོས་གསོལ་ཚིགས་ཁང་ནས་ཟས་ལ་རོལ་རྗེས་འགྲོ་ཞོར་དུ་གསོལ་ཅོག་སྟེང་དུ་བཞག་པའི་ཟས་ཐོ་ཁྱེར་ནས་ཕྱིན། ཟས་ཐོའི་སྟེང་གི་ཡིག་གཟུགས་ཤིན་ཏུ་བཙོག་པས་ཅི་ཞིག་བྲིས་ཡོད་པའང་མི་རྟོགས་པར་འདུག
        ཉིན་གཉིས་པར། སཱ་ལས་ཧྲོ་ལོན་པའོ་ལ་ཟས་ཐོའི་བསྐྱར་དཔར་མིག་ལ་མཛེས་པ་ཞིག་བསྟན་ཅིང་ཟ་མའི་མིང་ཡིག་ཐམས་ཅད་གཡོན་ཕྱོགས་སུ་གྲལ་དག་མོར་བསྒྲིགས་འདུག
        རྒན་པ་ཧྲོ་ལོན་པའོ་དགའ་བ་ཚད་མེད་པ་ཞིག་སྐྱེས་བྱུང་། སཱ་ལ་ཕྱིར་མ་ལོག་གོང་དུ་ཧྲོ་ལོན་པའོ་ཡིས་ཁོ་མོས་གསོལ་ཚིགས་ཁང་གི་གསོལ་ཅོག་ཉེར་གཅིག་གི་ཟས་ཐོ་ཚགས་སྒྲིག་གི་འགན་ལེན་རྒྱུའི་གན་རྒྱ་ཞིག་བཞག ཞོགས་ཟས་དང་གུང་ཚིགས། དགོང་ཟས་བཅས་ལ་ཟས་ཐོ་རེ་རེ་བཟོ་རྒྱུ་དང་ཟས་ཐོ་ཉིན་རེར་གསར་པ་བརྗེ་རྒྱུ་བྱས་པ་དང་། དེའི་སླད་དུ་ཧྲོ་ལོན་པའོ་ཡིས་ཉིན་རེའི་ཟས་ཐུན་གསུམ་གྱི་ཟ་མ་མོའི་སྡོད་ཁང་དུ་བསྐྱལ་རྒྱུ་བྱས།
        གན་རྒྱ་དེར་ཕྱོགས་གཉིས་ཀ་ཡིད་སེམས་མགུ་ཡོད་པ་དང་། ད་ལྟ་ཧྲོ་ལོན་པའོ་ཁྱིམ་ཚང་གསོལ་ཚིགས་ཁང་དུ་ཟས་ལ་རོལ་བའི་མི་རྣམས་ཀྱིས་རང་གིས་དོན་དངོས་སུ་ཅི་ཞིག་ཟ་བཞིན་ཡོད་པ་དངོས་སུ་ཤེས་ཐུབ་ལ། གྲང་ལྷགས་རྒོད་པའི་དགུན་གཞུང་དེར་སཱ་ལར་ཡང་ཕོ་བ་འགྲང་བའི་ཟས་ཤིག་ཐོབ་ཅིང་དེ་ནི་ཁོ་མོར་མཚོན་ན་ཁ་ཚ་དགོས་གཏུགས་ཀྱི་དོན་དེ་ཡིན་པར་འདུག
        དཔྱིད་མགོ་ཚུགས་ཟིན་ནའང་གནམ་གཤིས་ད་དུང་ཤིན་ཏུ་འཁྱགས། ཟླ་དང་པོར་བབས་པའི་ཁ་བ་སྔར་བཞིན་སྲང་ལམ་དུ་དར་དུ་ཆགས་ནས་སྲ་མཁྲེགས་སུ་གྱུར་འདུག
        ཉིན་ཞིག་གི་ཕྱི་དྲོར། སཱ་ལ་རང་གི་སྡོད་ཁང་དུ་གྲང་ནས་འདར་སིག་སིག་བྱེད། ཁོ་མོར་གསོལ་ཚིགས་ཁང་གི་ཟས་ཐོ་བཟོ་བ་ལས་གཞན་དོན་ཅི་ཡང་མེད་པར་གྱུར། སཱ་ལས་གཡོ་ལྡན་སྐུབ་སྟེགས་ལས་ཡར་ལངས་ཏེ་སྒེའུ་ཁུང་ཕྱི་རོལ་ཏུ་བལྟས་པ་ན་དཔྱིད་ཀ་སྔར་ནས་སླེབས་འདུག
        དོན་དེ་ན་ནིང་གི་དབྱར་ཁ་ནས་བརྗོད་དགོས་ཏེ། སཱ་ལ་གཞི་རིམ་དུ་སླེབས་དུས་བརྩེ་དུང་གི་འདམ་ལ་བྱིང་བར་གྱུར།
        ཉི་འོད་ཕྱུགས་རར་གཟའ་འཁོར་གཉིས་ལ་སྡོད་ཡུན་ནང་། ཁོ་མོ་ཧྥུ་ལན་ཁི་ལིན་རྒན་པའི་བུ་ཝུའོ་ཨར་ཐུ་ལ་ཆགས་པར་གྱུར། ཁོ་གཉིས་གཅིག་ལ་གཅིག་བསྙེས་ནས་སྡོད་ཅིང་ཁོས་ཁོ་མོར་ཁུར་མོང་གི་དབུ་ཞྭ་བསླས་ཏེ་གསེར་མདོག་གི་མེ་ཏོག་དང་སྨུག་མདོག་གི་སྐྲ་ལོ་གཉིས་དེ་འདྲའི་ཆ་འགྲིག་པ་ལའང་ཞེས་ཁོ་མོར་བསྔགས་བརྗོད་བྱས། ཁོ་མོ་ཁ་སྐྱེངས་པའི་ཚུལ་གྱིས་མེ་ཏོག་གི་ཞྭ་མོ་གནས་དེར་བསྐྱུར་ནས་སྡོད་ཁང་དུ་བརྒྱུགས་ཤིང་ལམ་བར་དུ་ལག་པའི་རྩྭ་ཞྭ་གཡབ་གཡུག་བྱེད།
        ཁོ་གཉིས་དཔྱིད་ཀར་གཉེན་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་དེ། ཝུའོ་ཨར་ཐུ་ཡིས“དཔྱིད་རླུང་དང་པོ་ལྡང་བའི་དུས་དེར་གཉེན་བསྒྲིག་རྒྱུ་བྱེད”ཅེས་བཤད། དེའི་རྗེས་སུ་སཱ་ལ་གྲོང་ཁྱེར་དུ་ལོག་ནས་མུ་མཐུད་དུ་ཁོའི་མཐེབ་གཞོང་གནོན་པར་བརྩམས།
        སྒོ་རྡུང་བའི་ཁྲོག་སྒྲ་ཞིག་གིས་སཱ་ལ་འདས་སོང་གི་བདེ་སྐྱིད་ཀྱི་དུས་མཚམས་ལས་ཕྱིར་དངོས་ཡོད་ཁྲོད་ཚུར་དྲངས་ཤིང་། ཞབས་ཞུ་པ་ཞིག་གིས་ཕྱི་ཉིན་གྱི་ཚལ་ཐོའི་མ་ཡིག་ཁྱེར་ནས་སླེབས་བྱུང་།
        སཱ་ལ་ཡིག་གཏགས་འཕྲུལ་ཆས་ཀྱི་མདུན་དུ་མར་བསྡད། ཁོ་མོ་ནི་ཡི་གེ་གཏགས་པར་བྱང་ཆ་དོད་པ་ཞིག་ཡིན་ཕྱིར་དུས་ཚོད་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ་ཚལ་ཐོ་ཉེར་གཅིག་པོ་ཚགས་སུ་ཆུད་པར་བྱས།
        སཱ་ལའི་མཛུབ་མོ་རྣམས་ཕབ་གཞོང་སྟེང་དུ་འབུ་སྲིན་ཆུང་ངུ་དག་དབྱར་ཁར་ཆུ་མོའི་སྟེང་དུ་འཕུར་ལྡིང་བྱེད་པ་བཞིན་ལྡེམ་མྱུར་གྱིས་འཁྱུག་འགྲོས་བྱེད། ཁོ་མོས་ཞིབ་ཚགས་ཀྱི་ངང་དུ་རིང་ཐུང་མི་འདྲ་བའི་ཟས་མིང་དག་ཟས་ཐོའི་སྟེང་དུ་སོ་སོར་འཚམ་པའི་གནས་རིས་སུ་ཕབ།
        སཱ་ལས་སིལ་ཏོག་གི་རིགས་རྣམས་འབྲི་ལ་ཉེ་དུས་ཁོ་མོ་གློ་བུར་དུ་ཟས་ཐོ་ལ་གཟས་ནས་ངུས་བྱུང་། མིག་ཆུ་ཁོ་མོའི་རེ་ཐག་ཆད་པའི་སེམས་ཁོང་ནས་ཕྱིར་འཕྱུར་ཞིང་མིག་མཐའ་བཀང་བར་བྱས།
        ཁོ་མོར་གཟའ་འཁོར་གཉིས་ཀྱི་རིང་ལ་ཝུའོ་ཨར་ཐུའི་འཕྲིན་ཡིག་འབྱོར་མ་བྱུང་། ཟས་ཐོའི་སྟེང་གི་སྔོ་ཚོད་རྗེས་མ་དེ་ནི་ཁུར་མོང་ཡིན་འདུག__ཁུར་མོང་དང་ཅི་ཞིག་གི་སྒོ་ང་ཟེར་བ་ཞིག སྒོ་ང་དང་འབྲེལ་བ་ཁྱོན་ནས་མི་འདུག__ཁུར་མོང་། ཝུའོ་ཨར་ཐུ་ཡིས་གསེར་འོད་ལམ་ལམ་འཕྲོ་བའི་ཁུར་མོང་གི་མེ་ཏོག་གིས་ཁོའི་སྙིང་ཉེ་བའི་རྒྱལ་མོ་སྟེ་མ་འོངས་པའི་ཆུང་མར་པྲོག་ཞུ་བཟོས།
        ཅུང་ཙམ་འགོར་བ་ན་སཱ་ལས་མིག་ཆུ་བཙན་གྱིས་བཀག་ནས་ཟས་ཐོ་ངེས་པར་བཟོས་ནས་འགྲུབ་དགོས་པར་སྙམ། དྲན་པ་བན་བུན་གྱི་ངང་ནས་ཁོ་མོས་ཕབ་གཞོང་གི་སྟེང་དུ་ལག་པ་བསྲིངས་པ་ན་མོའི་སེམས་པ་དེའི་སྟེང་དུ་ཁྱོན་ནས་མི་གནས་པར་བསམ་པའི་རྩིག་ལྡེབས་ཧྲིལ་པོར་གཞི་རིམ་གྱི་བྱམས་པའི་གཟུགས་རིས་ཀྱིས་ཁེབས། དུས་ཚོད་བདུན་པར་འཁོར་གཡོག་གིས་ཟ་མ་བསྐྱལ་ཡོང་བ་དང་ཞོར་དུ་ཟས་ཐོ་ཁྱེར་ནས་ཕྱིན་སོང་། སཱ་ལས་ཡིད་མུག་པའི་སྒོ་ནས་དགོང་ཟས་ཟོས། དུས་ཚོད་བདུན་དང་ཕྱེད་ཀར་སཱ་ལའི་དཔེ་ཀློག་གི་དུས་ལ་སླེབས། ཁོ་མོས་དཔེ་ཆ་བླངས་ཤིང་རྐང་བ་སྒམ་ཆུང་སྟེང་དུ་བཞག་ནས་ཀློག་མགོ་བརྩམས།
        སྒོའི་ཅོང་བརྡ་གྲགས་པ་ན་ཁང་བདག་ཨ་ནེ་སྒོ་འབྱེད་དུ་ཕྱིན། སཱ་ལས་དཔེ་ཆ་ཕར་བཞག་ཅིང་རྣ་བ་བླགས་ནས་ཉན། འོག་ཁའི་ཚོམས་ཆེན་དུ་སྐད་ཅོར་ཞིག་མཆེད་འོངས་པ་ན་སཱ་ལ་ཡར་ལྡིང་ཞིང་མྱུར་དུ་སྒོ་ལས་ཕྱིར་བུད་པ་དང་དཔེ་དེབ་པང་གཅལ་སྟེང་དུ་ལྷུང་། 
        ཁྱོད་ཀྱིས་ངེས་པར་ཚོད་དཔག་བྱས་ནས་ཤེས་ཡོད་ངེས། ཁོ་མོ་བརྒྱུགས་ནས་སྐས་རྐང་གི་ཁར་སླེབས་པ་ན་ཁོ་མོའི་བྱམས་པའང་འཕུར་མ་ལྡིང་གིས་ཡར་སླེབས་ཤིང་། མྱུར་བར་ཁོ་མོར་འཐམས་ནས་པང་དུ་བླངས།
        “ཁྱོད་ཀྱིས་ཅིའི་ཕྱིར་ང་ལ་འཕྲིན་ཡིག་མི་བསྐུར་བ་ཡིན། འོ། ཅིའི་ཕྱིར།”སཱ་ལས་ངུ་འབོད་བྱས།
        ཝུའོ་ཨར་ཐུ་ཡིས“ཉི་ཡོག་ནི་གྲོང་ཁྱེར་ཆེན་པོ་ཞིག་རེད”ཅེས་ལན་བཏབ་ཅིང་། “གཟའ་འཁོར་གཅིག་གི་སྔོན་དུ་ང་ཉི་ཡོག་ལ་ཐོན་མ་ཐག་ཏུ་ཁྱོད་ཀྱི་སྡོད་གནས་རྙིང་པ་དེར་ཁྱོད་འཚོལ་དུ་སོང་བ་ན་ཁྱོད་སྔོན་མའི་གཟའ་ཕུར་བུ་ཞིག་ལ་གནས་སྤར་ཟིན་པ་ཤེས། ངས་ཁྱོད་རང་གང་སར་བཙལ་ཅིང་ད་དུང་ཉེན་རྟོག་པའང་བཙལ།”
        “ངས་ཁྱོད་ལ་སྤྲིངས་པའི་འཕྲིན་ཡིག”ཅེས་སཱ་ལས་སེམས་ཤུགས་བསྣན་ནས་བཤད།
        “འབྱོར་མ་སོང་།”
        “དེ་ན་ཁྱོད་ཀྱིས་ང་ཇི་ལྟར་རྙེད་པ་ཡིན།”
        ཝུའོ་ཨར་ཐུ་གད་མོ་བགད་སོང་། གད་མོ་དེ་ནི་དཔྱིད་དཔལ་བཞིན་དུ་གཟི་བྱིན་འབར།
        ཁོས་བཤད་རྒྱུར།“དོ་དགོང་ང་རང་ཉེ་འགྲམ་གྱི་ཧྲོ་ལོན་པའོ་གསོལ་ཚིགས་ཁང་དུ་དགོང་ཟས་ཟ་བར་སོང་བ་ཡིན།” “ལོ་རེའི་དུས་ཚིགས་འདིར་ང་རང་དུས་ཚིགས་རང་བཞིན་གྱི་སྔོ་ཚོད་བཟའ་བར་མོས་པ་ཡོད། ངའི་མིག་ཟུང་གིས་ཚགས་སྒྲིག་ཞིབ་པའི་ཚལ་ཐོའི་སྟེང་དུ་རང་ཉིད་ལ་མཁོ་བའི་བྱ་དངོས་བཙལ། ངས་དེ་ཉིད་མཐོང་བའི་མོད་ལ་ཡར་ལྡིང་ཞིང་རྐུབ་སྟེགས་ཀྱང་སར་བསྒྱེལ། སྐད་གསེང་མཐོན་པོས་ཚོང་བདག་བོས་ཤིང་ཁོས་ང་ལ་ཁྱོད་ཀྱི་སྡོད་གནས་བཤད་བྱུང་།”
        “ཅིའི་ཕྱིར།”
        “གནས་གང་དུ་ཕྱིན་ཡང་ངས་ཁྱོད་ཀྱིས་བྲིས་པའི་ཡིག་འབྲུ་གཟབ་བྲིས་མWམཐོང་མ་ཐག་ཏུ་ངོས་ཟིན་ཡོང་། དེ་ནི་རྒྱུན་དུ་ཐིག་ཕྲེང་གཅིག་པའི་ཡི་གེ་དག་ལས་ཅུང་གོང་དུ་གསེག་ཡོད།”
        ཁོས་ཨམ་ཕྲག་ལས་ཟས་ཐོ་ཞིག་བཏོན་ནས་ཐིག་ཕྲེང་དེ་བསྟན།
        ཁོ་མོས་དེ་ནི་དེ་རིང་ཕྱི་དྲོར་བྲིས་པའི་ཟས་ཐོ་དང་པོ་དེ་ཡིན་པ་ཤེས་ཤིང་། ལག་པ་གཡས་ཕྱོགས་ཀྱི་གྲུ་ཟུར་དུ་ད་དུང་ཁོ་མོའི་མིག་ཆུའི་ཤུལ་རྗེས་ལུས་འདུག འོན་ཀྱང་སྐྱེས་དངོས་ཀྱི་མིང་འཁོད་སའི་བར་སྟོང་དུ་གསེར་མདོག་གི་མེ་ཏོག་ལ་ཞེན་ཆགས་ཀྱི་དབང་གིས་ཁོ་མོའི་མཛུབ་རྩེ་འཁྲུལ་བར་བསྒྱུར། སྔོ་ཚོད་གཉིས་ཀྱི་བར་དུ་འགྲེལ་བཤད་ཅིག་བསྣན་འདུག་སྟེ“ཆེས་སྙིང་དུ་སྡུག་པའི་ཝུའོ་ཨར་ཐུ་དང་སྒོ་ང་བཙོས་མ།”


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1