གཙོ་ངོས།>> དེང་རབས་མི་སྣ།>>རིག་གནས་སློབ་གསོ།

ཚེ་རྣམ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༧ཚེས་༣༡ཉིན།

༄༅།། རྒྱང་འཁོར་ཚེ་ཕུན།

—— བོད་ཀྱི་དམངས་སྲོལ་མཁས་དབང་རྒྱང་འཁོར་ཚེ་ཕུན་ལགས་སུ་བཅར་འདྲི་ཞུས་པའི་སྐོར་བཀོད་པ། 

འདི་ནི་རྒྱང་འཁོར་ཚེ་ཕུན་ལགས་ཀྱིས་རྩིས་འཁོར་སྤྱད་ནས་རྩོམ་འབྲི་གནང་བཞིན་པ།
        རྒྱང་འཁོར་ཚེ་ཕུན་ལགས་ནི། དམངས་སྲོལ་རིག་པ་དང་གླིང་སྒྲུང་རིག་པའི་སྐོར་ལ་ཞིབ་འཇུག་གནང་མཁན་བོད་ཀྱི་དམངས་སྲོལ་མཁས་དབང་གི་ཡ་གྱལ་ཞིག་ཡིན་ཅིང་། ཁོང་སྤྱི་ལོ་1965ལོར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཁོངས་ཀྱི་སྤྱིར་བཏང་སོ་ནམ་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། སློབ་གྲྭ་ཆུང་འབྲིང་འགྲིམས་རྗེས་སྤྱི་ལོ་1986ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེ་མོ་ནས་སློབ་མཐར་ཕྱིན་པ་དང་། མིག་སྔར་ཁོང་གིས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཚན་པའི་སུའོ་ཀྲང་དང་ཞིབ་འཇུག་པ་ཆེ་མོ་བའི་གནས་བབ་ཀྱི་ཐོག་ནས་འགན་བབ་ལས་དོན་སྒྲུབ་གནང་བཞིན་ཡོད་ལ། བོད་ལྗོངས་སློབ་གྲྭ་ཆེ་མོའི་ཞིབ་འཇུག་སློབ་མའི་སློབ་དཔོན་དང་། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁྲིམས་འཛུགས་སྐོར་གྱི་བློ་འདྲི་སའི་ཆེད་མཁས་པ་སོགས་ཀྱི་ལས་འགན་ཡང་ཞོར་འཛིན་གནང་བཞིན་ཡོད་པ་རེད།
          རྒྱང་འཁོར་ཚེ་ཕུན་ལགས་ནི་ད་ལྟ་སྐུ་ན་དར་ལ་བབས་ཤིང་། ཤེས་བྱ་དང་མྱོང་བ་ཕུན་སུམ་ཚོགས་པའི་མཁས་དབང་མིང་དོན་མཚུངས་པ་ཞིག་ཡིན་པ་ནི། ཁོང་གིས་ལོ་ངོ་སུམ་ཅུ་ལྷག་ཙམ་གྱི་རིང་བོད་ཀྱི་དམངས་སྲོལ་ཆུ་གཏེར་ལྟར་རྒྱ་ཆེ་བའི་ཁྲོད་དུ་ངལ་བ་ཁྱད་བསད་ཀྱིས་ཞིབ་འཇུག་གནང་བའི་གྲུབ་འབྲས་མང་པོ་ཞིག་ནས་མཚོན་གྱི་ཡོད་ལ། དེ་བས་ཀྱང་བླངས་ན་འཛད་མཐའ་མེད་པ་དང་སྤྱད་ཀྱང་རྫོགས་རྒྱུ་མེད་པར་སྣང་བའི་གླིང་སྒྲུང་ཞིབ་འཇུག་གི་གྲུབ་འབྲས་ལས་མངོན་གྱི་ཡོད་ཅིང་། ཁོང་གི་ཐུན་མོང་མིན་པའི་རིག་སྟོབས་དང་ཉམས་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་འགན་བབ་ལས་དོན་གྱི་ཐད་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ངོ་གནོང་མི་དགོས་པ་དང་སུབ་ཐབས་མེད་པའི་ཕྱག་རྗེས་འཇོག་གནང་མཛད་ཡོད་སྟབས། རིང་མིན་གོང་ཁོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་བཞེས་མཁན་ཆེད་མཁས་པ་ཞིག་ཏུ་གྱུར་ཡོད་ལ། རྒྱལ་ཁབ་རིམ་པའི་གྲགས་ཅན་རིག་གནས་མཁས་དབང་ཞེས་པ་དང་། རྒྱལ་ཁབ་རིམ་པའི“ཤེས་ལྡན་པ་བརྒྱ་སྟོང་ཁྲིའི་ལས་གཞིའི”མི་སྣ་ཞེས་པ། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་སྣེ་ཁྲིད་པ་ཞེས་པ་སོགས་ཀྱི་མཚན་སྙན་ཡང་ཐོབ་ཡོད། གསར་འགོད་པས་ཁོང་གི་ལས་དོན་སྐོར་ཞིབ་ཕྲ་བཅར་འདྲི་ཞུ་སྐབས། ཁོང་ནི་དམངས་སྲོལ་དང་ཁྱད་པར་དུ་གླིང་སྒྲུང་གི་ཞིབ་འཇུག་ཐད་རིག་པའི་སྤུ་གྲི་རྣོན་པོ་བརྡར་གནང་སྟེ། གནད་དོན་ལ་མཐའ་དཔྱོད་ནན་པོ་གནང་མཁན་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ལ། ཕྱོགས་གང་ཐད་ཀྱི་དྲི་བར་འཁོན་ཐོགས་མེད་པར་ལན་བསྐྱོན་ཐུབ་པའི་གསུང་ངག་བདེ་པོ་དེ་ཐོག་ནས་ཁོང་ནི་དུས་རྟག་ཏུ་དཔེ་དེབ་ནང་དབུ་བརྒྱུས་ནས་ཞུགས་མཁན་ཞིག་དང་སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་རྒྱུར་དོ་སྣང་ཆེན་པོ་གནང་མཁན་ཞིག་ཡིན་པ་གསལ་པོར་རྟོགས་ཀྱི་འདུག
          བློ་གྲོས་འཇུག་པ་ཤིན་ཏུ་ཡངས། ཞིབ་འཇུག་ལྗགས་རྩོམ་ཆུ་ཀླུང་བརྡོལ། 
          རྒྱང་འཁོར་ཚེ་ཕུན་ལགས་ནི་ཁེངས་སྐྱུང་ལྡན་པའི་ཤེས་ལྡན་པ་ཞིག་ཡིན་འདུག་སྟེ། ཁོ་བོས་བཅར་འདྲི་ཞུ་སྐབས། ཁོང་གིས“བཏང་བཏང་བྱུག་བྱུག་ཡོད་ཚད་ཞུས་ནས་ཆོ་མེད། བོད་ཀྱི་དམངས་སྲོལ་རིག་གནས་དང་། ངོ་མཚར་ཆེ་བའི་གླིང་སྒྲུང་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཕྲན་ཙམ་འཇོག་ཐུབ་ན་སྙམ་པ་དེ་བདག་རང་གི་ཕུགས་འདུན་ཞིག་ཡིན་པས། ད་ཆ་ཕུགས་འདུན་དེ་སྒྲུབ་པའི་ལམ་ཕྱེད་ཟིན་ཙམ་ཡིན”ཞེས་གསུངས་ཀྱི་འདུག ཁོང་གི་འཚར་ལོང་བརྒྱུད་རིམ་ལ་དོ་སྣང་བྱེད་སྐབས། ཆུང་ངུའི་དུས་ནས་ཁོང་གིས་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་གཞན་དང་འདྲ་བར་རང་ཉིད་ཀྱི་ལྟེ་ཁྲག་འཕོ་ས་སྟེ། རྒྱང་འཁོར་དུ་འབོད་པའི་ས་མ་འབྲོག་ཁུལ་དེར་སློབ་གྲྭར་བསྐྱོད་ཞོར་དུ་དཔྱིད་དུས་ཕྱུགས་རིགས་སྐྱེ་བསུ་དང་། སྟོན་དུས་ལོ་ཏོག་བརྔ་བསྡུ་སོགས་རྫོགས་རྒྱུ་མེད་པའི་ཞིང་འབྲོག་པའི་ལས་ཀར་ཞུགས་ཡོད་ཅིང་། ཆུང་དུས་ཞིང་འབྲོག་ཁུལ་གྱི་ལས་ཀ་མང་པོ་ཞིག་མཐོང་ཐོས་མྱོང་གྲུབ་བྱུང་བ་དེས་ཁོང་ལ་ཐོན་སྐྱེད་ཀྱི་ཉམས་མྱོང་ངེས་ཅན་ཐོབ་པ་མ་ཟད། དེ་ལྟའི་ལོ་ཟླའི་ནང་ཕ་ཡུལ་གྱི་བགྲེས་རབས་ཚོའི་ས་ནས་སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་མང་པོར་རོལ་བའི་སྐལ་བ་ཐོབ་པ་དང་། དམངས་ཁྲོད་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྨང་གཞི་དེ་དམངས་ཁྲོད་དུ་གདིང་ཐུབ་པ་གནང་ཡོད། དེ་རྗེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེ་མོར་བགྲང་བྱ་བཞིའི་རིང་བོད་རིག་པའི་ཤེས་བྱ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ་ཡོད་ཅིང་། སློབ་གྲྭ་ནས་བཟུང་སྟེ་དེབ་ཐོག་གི་ཤེས་བྱ་མང་པོ་ཞིག་ཡོད་པ་དེ་རྣམས་དོན་དངོས་ལ་ར་བསྡུར་གཏོང་འགོ་བཙུགས་གནང་ཡོད། སློབ་གྲྭ་ཐོན་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཞིབ་འཇུག་གི་ཕྱག་ལས་གནང་འགོ་ཚུགས། ཁོང་གིས་སྔ་རྗེས་སུ་སྟོད་མངའ་རིས་དང་། བྱང་འབྲོག་ཁུལ། དབུས་ལྷ་ས། ནུབ་གཙང་ཁུལ། ཤར་ཁམས་ཁུལ་སོགས་ཀྱི་གཞི་རིམ་དུ་ཟབ་འཇུག་གནང་སྟེ་སྤྱི་ཚོགས་བརྟག་དཔྱད་གནང་བ་དང་། རྒྱུན་དུ་ཞིབ་འཇུག་གནང་བའི་བརྒྱུད་རིམ་ནང་དམངས་སྲོལ་རིག་པ་དང་། དམངས་ཁྲོད་རྩོམ་རིག་རིག་པ། ལོ་རྒྱུས་སྙན་རྩོམ་རིག་པ། དེ་བཞིན་མི་རིགས་རིག་པ་སོགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་འབད་བརྩོན་གནང་ཡོད་པ་རེད།
རྒྱང་འཁོར་ཚེ་ཕུན་ལགས་ཀྱི་བརྩམས་ཆོས་ཁག་གཅིག
          བགྲང་བྱ་སུམ་ཅུའི་རིང་རྒྱང་འཁོར་ཚེ་ཕུན་ལགས་ཀྱིས་རང་འཁྲིའི་ཞིབ་འཇུག་ལས་དོན་ལ་ཡང་འབད་བསྐྱར་འབད་གནང་བ་བརྒྱུད། 《བོད་ལྗོངས་ཞིབ་འཇུག》དང་། 《ཀྲུང་གོའི་བོད་ཀྱི་ཤེས་རིག》སོགས་དུས་དེབ་ཁག་གི་ཐོག་བོད་རྒྱ་ཡིག་རིགས་གཉིས་ནས་བོད་རིག་པའི་དཔྱད་རྩོམ་དང་། དམངས་སྲོལ་ངོ་སྤྲོད་སོགས་རྩོམ་ཡིག་ཁག་བརྒྱ་ལྷག་ཙམ་སྤེལ་གནང་མཛད་ཡོད་པ་དང་། 《བོད་ལྗོངས་ས་མ་འབྲོག་ཁུལ་གྱི་ལུས་རྩལ་དང་རིག་རྩེད》ཅེས་པ་དང་། 《བོད་ཀྱི་དམངས་སྲོལ་གྱི་བླང་དོར་གསལ་བའི་སྒྲོན་མེ》ཞེས་པ། 《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང་དཔེ་ཚོགས་སྐོར་གྱི་ཞིབ་འཇུག》ཅེས་པ། 《བོད་ཀྱི་གཉེན་སྲོལ་རགས་གླེང》ཞེས་པ། 《བོད་ཀྱི་དམངས་ཁྲོད་རིག་གནས་སྐོར་གྱི་དཔྱད་གླེང》ཞེས་པ་སོགས་ཆེད་རྩོམ་ཁག་གཅིག་དངོས་སུ་པར་སྐྲུན་གནང་ཡོད་པ་མ་ཟད། 《བོད་ཀྱི་དམངས་སྲོལ》ཞེས་པའི་རྒྱ་ཡིག་དཔེ་དེབ་སྟོད་ཆ་སྨད་ཆ་དང་། 《སྒྲུང་མཁན་བསམ་གྲུབ་ཀྱི་ཞལ་རྒྱུན་གཏམ་དཔེ་རྣ་བའི་བདུད་རྩི》ཞེས་པའི་གཏམ་དཔེ་གཅེས་བསྡུས། 《བོད་རིག་པའི་དཔྱད་རྩོམ་གཅེས་བསྡུས》ཞེས་པ་སོགས་དངོས་སུ་རྩོམ་སྒྲིག་དང་པར་སྐྲུན་གནང་ཡོད་པ་རེད།
          རྒྱང་འཁོར་ཚེ་ཕུན་ལགས་ཀྱི་ཆེད་རྩོམ་རེ་རེ་ནས་ཞིབ་འཇུག་གི་རིན་ཐང་ཆེན་པོ་མངོན་གྱི་ཡོད་པ་སྟེ། ཁོང་གི་ཆེད་རྩོམ《བོད་ཀྱི་གཉེན་སྲོལ་རགས་གླེང》ཞེས་པའི་ནང་བོད་ཀྱི་གཉེན་སྲོལ་སྐོར་གྱི་ལུགས་སྲོལ་རྒྱུན་འཛིན་བྱེད་ཚུལ་དང་། སྲོལ་རྒྱུན་གཉེན་སྟོན། གཉེན་སྒྲིག་སྐོར་གྱི་འདུ་ཤེས་སོགས་ལ་དཔྱད་པ་ཞིབ་རྒྱས་གནང་ཡོད་པ་མ་ཟད། ལྷག་པར་དུ་རིག་གཞུང་ཁྱབ་ཁོངས་སུ་དར་བའི་ཕ་བུས་མནའ་མ་མཉམ་སྤྱོད་བྱེད་པ་དང་། མ་སྨད་ཀྱིས་མག་པ་མཉམ་སྤྱོད་བྱེད་པ། གྲོགས་པོས་མནའ་མ་མཉམ་སྤྱོད་བྱེད་པ་སོགས་ཚུལ་མིན་བྱ་སྤྱོད་བོད་རིགས་ཀྱི་གཉེན་སྲོལ་དུ་བརྗོད་པའི་ནོར་འཁྲུལ་གྱི་ལྟ་བ་དང་ཕུ་ནུས་མནའ་མ་མཉམ་སྤྱོད་བྱེད་པ་བོད་རིགས་ཀྱི་གཉེན་སྲོལ་ཡིན་ཚུལ་སོགས་ལ་དམངས་སྲོལ་རིག་པའི་གཞུང་ལུགས་དང་བོད་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་ཟུང་འབྲེལ་གྱིས་མཐའ་དཔྱོད་གནང་ཡོད། ཆེད་རྩོམ་དེའི་ནང་ད་དུང་ཁོང་གིས་ཡུན་རིང་ཞིབ་འཇུག་བྱས་འབྲས་སུ་བོད་མི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་དྲག་རྩལ་བསྡུར་ནས་མནའ་མ་བརྩོན་ལེན་བྱེད་པ་དང་། རིག་པའི་རྩལ་འགྲན་ནས་མནའ་མ་བརྩོན་ལེན་བྱེད་པ། མངལ་གནས་སུ་ཕྲུ་གུའི་གཉེན་སྒྲིག གཡོག་བསུའི་གཉེན་སྒྲིག་སོགས་བྱུང་ཡོད་ཚུལ་ཐད་ཐེངས་དང་པོར་རིག་པས་སྒྲུབ་ཡོད་ལ། ད་གཟོད་བོད་རིག་པའི་རིག་གཞུང་ཁྱབ་ཁོངས་སུ་ཆེད་མཁས་པ་མང་པོས་ཁས་ལེན་པའི་ལྟ་བ་ཞིག་ཏུ་གྱུར་ཡོད་པ་རེད། རྒྱང་འཁོར་ཚེ་ཕུན་ལགས་ཀྱིས་དཔེ་ཁྲིའི་ཐོག་ནས་གུས་པར་འགྲེམས་སྤེལ་གནང་ཟིན་པའི་དཔེ་དེབ《བོད་ཀྱི་དམངས་ཁྲོད་རིག་གནས་སྐོར་གྱི་དཔྱད་གླེང》ཞེས་པ་ཞིག་བསྟན་གནང་ཞིང་། ཁོ་བོས་དེར་ལྟ་སྐབས། དེའི་ནང་དམངས་སྲོལ་དང་དམངས་ཁྲོད་རྩོམ་རིག་སྐོར་གྱི་དཔྱད་རྩོམ་36ཙམ་བདམས་བཀོད་བྱས་འདུག དཔེ་དེབ་དེའི་ནང་གི་དཔྱད་རྩོམ་ཚང་མར་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་བས་ཁོ་བོས་ཁོང་གིས་དུས་ཚོད་ཡན་པོར་བཏང་མ་གནང་བར་བསྔགས་བརྗོད་ཞུ་སྐབས། རང་ཉིད་ཞིབ་འཇུག་པ་ཞིག་གི་ངོས་ནས་བཤད་ན། འགན་འཁྲི་སྒྲུབ་ཁུལ་ཙམ་རེད་ཅེས་དང་། ཡང་ཁོང་གི་ངོ་སྤྲོད་ཉན་སྐབས། ཉེ་བའི་ལོ་ཤས་ནང་ཁོང་གིས《བོད་ཀྱི་དམངས་སྲོལ》ཞེས་པའི་རྒྱ་ཡིག་དཔེ་དེབ་སྟོད་ཆ་སྨད་ཆ་དང་། 《སྒྲུང་མཁན་བསམ་གྲུབ་ཀྱི་ཞལ་རྒྱུན་གཏམ་དཔེ་རྣ་བའི་བདུད་རྩི》ཞེས་པ། 《གངས་མཐིང་གཉེན་སྟོན་རྟེན་འབྲེལ་ཆེ་མོ》དང་། 《འགོག་གླིང》ཞེས་པ་སོགས་སྒྲུང་པས་འཆད་གྱེར་གནང་བའི་ངག་སྒྲུང་དང་། 《བོད་རིག་པའི་དཔྱད་རྩོམ་གཅེས་བསྡུས》ཞེས་པ་སོགས་རྒྱ་ཆེའི་ཀློག་པ་པོ་དང་ཆེད་ལས་པས་དགའ་པོ་བྱེད་པའི་བརྩམས་ཆོས་མང་པོ་ཞིག་འཚོལ་བསྡུ་ལེགས་སྒྲིག་དང་རྩོམ་སྒྲིག་པར་སྐྲུན་གནང་འདུག་ལ། རྒྱ་ཡིག་ནས《ལྷ་སའི་མི་རིགས་དུས་ཆེན་རིག་གནས》ཞེས་པའི་དཔེ་དེབ་ཞིག་ཀྱང་རྩོམ་སྒྲིག་གི་གཙོ་འགན་བཞེས་འདུག
          ཆེད་རྩོམ་འབྲི་བར་དཔྱད་གཞི་མང་པོ་གཟིགས་དགོས་པའི་ཀླད་པའི་ངལ་གསོ་རྒྱབ་བསྐྱུར་དང་། གང་སར་དོན་དངོས་ལ་ཉམས་ལེན་གནང་བར་ཕེབས་པའི་ངལ་དུབ་སྣང་མེད་དུ་བཞག་གནང་བའི་འབྲས་བུར་རྩོམ་འབྲི་གནང་བའི་ཆེད་རྩོམ་མི་ཉུང་བ་ཞིག་ལ་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་ཨ་ཅང་ཅང་། ཆེད་རྩོམ《དམངས་སྲོལ་གྱི་བླང་དོར་གསལ་བའི་སྒྲོན་མེ》ཞེས་པ་དང་། 《བྱི་ཕྲུག་སྐོར་ལ་ཐོག་མར་དཔྱད་པ》ཞེས་པ། 《སྒྲུང་པའི་ཞིབ་འཇུག་ལས་འཕྲོས་པའི་བསམ་གཞིག》ཅེས་པ། 《ཤར་པའི་མི་རིགས་ཀྱི་འབྱུང་ཁུངས་ལས་འཕྲོས་པའི་དེའི་མི་རིགས་ཀྱི་གཏོགས་ཁོངས་སྐོར་དཔྱད་པ་རྣག་ཐོག་གཙག་བུ》ཞེས་པ་སོགས་ལ་བོད་ལྗོངས་སྤྱི་ཚོཌ་ཚན་རིག་ཁང་གིས་ཕུལ་བྱུང་རིག་གཞུང་གྲུབ་འབྲས་ཞེས་པའི་བྱ་དགའ་སྤྲད་ཡོད་པ་རེད།
          མྱུར་སྐྱོབ་འགན་འཁྲི་ཕྲག་ཏུ་བཞེས།  རིན་ཐང་ཡོད་པའི་ཞབས་རྗེས་བཞག 
          གླིང་སྒྲུང་ནི་རང་རེ་ཁ་བ་ཅན་གྱི་མི་རིགས་འདིས། ཡུན་རིང་གི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཐུན་མོང་གིས་གསར་རྩོམ་བྱས་པ་ཞིག་ཡིན་ཞེས་ཤོད་ཆོག་པ་དང་། གཅེས་ཉར་རྒྱུན་འཛིན་བྱས་པའི་མཆོག་ནོར་ཞིག་ཡིན་ཅིང་། འདི་ཉིད་དར་ཁྱབ་ཆེ་ལ་བམ་གྲངས་མང་བས་ད་བར་མི་རྣམས་ཀྱིས་བཙལ་རྙེད་ཐུབ་པའི་འཛམ་བུ་གླིང་གི་བྱུང་བརྗོད་སྙན་ངག་རིང་ཤོས་དེ་ཡིན་པས། འཛམ་གླིང་བྱུང་བརྗོད་སྙན་ངག་གི་རྒྱལ་པོ་ཞེས་འབོད་བཞིན་ཡོད་ལ། དེ་ནི་ད་དུང་ཡང་གསོན་པོར་གནས་པའི་དཔའ་བོའི་བྱུང་བརྗོད་སྙན་ངག་ཅིག་ཡིན། དེའི་ནང་གི་སྒྲུང་སྣ་མང་པོ་ཞིག་ད་དུང་ཡང་དམངས་ཁྲོད་སྒྲུང་པའི་དྲན་པའི་ཀློང་དུ་འཇགས་ནས་ཡོད། གླིང་སྒྲུང་གི་དེ་ལྟའི་ཁྱད་ཡོན་དེས་དེའི་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་གཏུགས་ཀྱི་རང་བཞིན་གཏན་འཁེལ་བྱས་ཡོད།
          རྒྱང་འཁོར་ཚེ་ཕུན་ལགས་སུ་གླིང་སྒྲུང་ཞིབ་འཇུག་གི་སྐོར་བཀའ་འདྲི་ཞུ་སྐབས། སྟབས་ལེགས་པ་ཞིག་ལ་གོང་རིམ་འབྲེལ་ཡོད་ཚན་པས། སྤྱི་ལོ་1997ལོར་སྐབས་དེའི་མི་རིགས་ཞིབ་འཇུག་ཚན་པའི་སུའོ་ཀྲང་གཞོན་པ་ཡིན་པའི་ཁོང་ལ། བོད་ཀྱི《གེ་སར》ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་ལས་འགན་གཅིག་ལྕོགས་བྱེད་དུ་བཅུག དུས་དེ་ནས་བཟུང་བོད་ཀྱི་དམངས་ཁྲོད་རིག་གནས་ལྡུམ་རའི་ནང་ཁྲ་ཆིལ་ལེར་སྣང་བའི《གླིང་སྒྲུང》གི་མྱུར་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཁོང་ལ་ཆོད་སེམས་བརྟན་པོ་ཅིག་སྐྱེས་ཤིང་། ནུས་ཤུགས་ཡོད་རྒུས་ལས་དོན་དེར་ཞུགས་པས། དེར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅིང་། བོད་མི་རིགས་ཀྱི་རིག་གནས་ཤུལ་བཞག་དེ་ད་གཟོད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་རིག་གནས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས་ཁྱབ་བསྒྲགས་བྱས་པའི་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་ཡོད་པ་རེད།
          དེའང་ལག་ལེན་ནང་ཁོང་གིས་ལས་དོན་སྒྲུབ་པའི་ཞབས་རྗེས་སུབ་ཐབ་མེད་པ་ཞིག་འཇོག་གནང་མཛད་ཡོད་པ་ནི། ནག་ཆུའི་དམངས་ཁྲོད་སྒྲུང་པ་རྣམས་ལ་འབྲེལ་བ་དམ་ཟབ་ཀྱིས་སྒྲུང་པས་འཆད་གྱེར་གནང་བའི་སྒྲུང་སྒྲ་ཕབ་ཀྱི་ལས་དོན་སྤེལ་ནས་སྔ་རྗེས་སུ་གྲགས་ཅན་སྒྲུང་པ་ཆོས་གྲགས་དང་། ཚེ་རིང་དགྲ་འདུལ། དཔའ་དགའ། ངག་དབང་དཔལ་ལྡན། མར་དེའུ། བཀྲ་ཤིས་རྡོ་རྗེ། ཟླ་བ་སོགས་སྒྲུང་པ་སྒེར་གྱི་ཁྱད་ཆོས་མངའ་བའི་སྒྲུང་སྣ་ཉི་ཤུ་ཙམ་སྒྲ་ཕབ་བྱས་པ་མ་ཟད། གཙོ་འགན་རྩོམ་སྒྲིག་པའི་མིང་ཐོག་ནས་ཆེད་མཁས་པ་སྒྲིག་འཛུགས་ཀྱིས་སྒྲུང་སྣ་15ཙམ་ཟིན་བྲིས་ལེགས་སྒྲིག་དང་རྩོམ་སྒྲིག་པར་སྐྲུན་ལེགས་སྒྲུབ་གནང་བ་མ་ཟད། ཁོང་རང་ཉིད་ཀྱིས་ཀྱང་སྒྲུང་སྣ་དྲུག་ཙམ་ལེགས་སྒྲིག་དང་། རྩོམ་སྒྲིག མཐའ་ཞུས་བཅས་འགན་གཙང་མ་བཞེས་ཡོད་ཅིང་། དེས་ཕུལ་བྱུང་སྒྲུང་པའི་བློ་ཡུལ་དུ་ཞུགས་ཤིང་དྲན་པའི་ཀློང་དུ་འཇགས་པའི་ཐུན་མོང་མིན་པའི་སྒྲུང་སྣ་སྐོར་ཞིག་མྱུར་སྐྱོབ་ཐུབ་པ་བྱུང་ཡོད་པ་རེད།
          ཡང་ཁོང་གི་འཆར་འགོད་འོག་གངས་ལྗོངས་སྒྲ་བརྙན་དཔེ་སྐྲུན་ཁང་དང་མཉམ་ལས་ཐོག ནག་ཆུའི་དམངས་ཁྲོད་ཕུལ་བྱུང་སྒྲུང་པ་དྲུག་དང་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་སྒྲིག་འཛུགས་ཀྱིས་གླིང་སྒྲུང་ནང་གི་མི་སྣ་མི་འདྲ་བ་65ཡི་དཔེ་མཚོན་རང་བཞིན་ལྡན་པའི་དབྱངས་རྟ་མི་འདྲ་བ་118སྒྲ་ཕབ་བྱས་ཤིང་། དངོས་སུ་འོད་སྡེར་པར་སྐྲུན་བྱས་སྟབས། ད་བར་ཅུང་ཆ་ཚང་བའི་གླིང་སྒྲུང་གི་དབྱངས་རྟ་སྒྲ་ཕབ་ཐུབ་མེད་པའི་སྟོང་ཆ་གསབ་ཐུབ་གནང་ཡོད་པ་དང་། དེ་མིན་ཁོང་གི་ཇུས་འགོད་འོག་ཆེད་ལས་པ་སྒྲིག་འཛུཌ་བྱས་ཏེ《གླིང་སྒྲུང་གི་དཔྱད་རྩོམ་ཕྱོགས་སྒྲིག》ཅེས་པའི་དཔེ་ཚོགས་ལེགས་སྒྲིག་དང་པར་སྐྲུན་བྱས་ཡོད་པ་དེ་ནི་བོད་རྒྱ་ཡིག་རིགས་མི་འདྲ་བའི་དེབ་གྲངས་བཞི་རེ་ལས་གྲུབ་ཡོད་པ་དང་། དེའི་ནང་བོད་ལྗོངས་ཁུལ་གྱི་དུས་དེབ་ཁག་ཏུ་འཁོད་པའི་གླིང་སྒྲུང་སྐོར་གྱི་དཔྱད་རྩོམ་མང་ཆེ་བ་བསྡུས་ཡོད་པས། རྒྱ་ཆེའི་ཀློག་པ་པོ་དང་། ཁྱད་པར་དུ་གླིང་སྒྲུང་ཞིབ་འཇུག་པ་ཚོར་སྟབས་བདེ་གང་ལེགས་སྐྲུན་ཐུབ་ཡོད་པ་རེད།
          གླིང་སྒྲུང་སྐད་ཡིག་གཞན་དུ་བསྒྱུར། སྙན་གྲགས་འཛམ་གླིང་ཀུན་ལ་ཁྱབ།  
          དེ་ཡང་གླིང་སྒྲུང་འདི་བཞིན་འགྲོ་བ་མིའི་རིགས་ཀྱི་རིག་གནས་བང་མཛོད་ཀྱི་རིན་ཆེན་ནོར་བུ་ཞིག་ཡིན་ཞིང་། འདི་ཉིད་ངག་ཐོག་ནས་ཡིག་ཐོག་ཏུ་དབབ་རྒྱུ་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། རྒྱ་སྒྱུར་དང་ཡིག་རིགས་གཞན་ལ་བསྒྱུར་ནས་འཛམ་བུ་གླིང་གིས་དེའི་ནང་དོན་ཆ་ཚང་བ་དང་སྙན་འཇེབས་ལྡན་པའི་སྙན་ངག་རྣམས་ཤེས་པ་བྱ་རྒྱུ་ནི་རང་རེས་འགྲོ་བ་མིའི་རིགས་ཀྱི་རིག་གནས་ལ་ལེགས་སྐྱེས་སུ་འབུལ་འོས་པ་ཞིག་ཡིན་གཤིས། ལས་དོན་དེར་ཁོང་གིས་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད་ཅིང་། གླིང་སྒྲུང་རྒྱ་སྒྱུར་གྱི་ལས་དོན་དེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་འགོ་བརྩམས་ཡོད་པ་དང་། ཁོང་དང་འབྲེལ་ཡོད་མི་སྣས་དཀའ་ངལ་དུ་མ་ཁྱད་བསད་གནང་བ་བརྒྱུད། སྔ་རྗེས་སུ་སྒྲུང་དེབ་11རྒྱ་ཡིག་ཏུ་བསྒྱུར་ནས་པར་སྐྲུན་ཐུབ་ཡོད་པ་དང་། ཕྱིས་སུ་གླིང་སྒྲུང་རྒྱ་སྒྱུར་གྱི་ལས་དོན་ལ་དགོས་ངེས་ཀྱི་རྨང་གཞི་འདིང་ཐུབ་པ་དང་ཉམས་མྱོང་གསོག་འཇོག་གནང་ཡོད་པ་རེད། འོན་ཀྱང་སྐབས་དེ་དུས་རྒྱུ་རྐྱེན་མང་པོ་ཞིག་གིས་རྒྱ་སྒྱུར་ལས་དོན་དེའང་མི་སྒེར་གྱི་རང་མོས་ཙམ་དང་ཐར་ཐོར་གྱི་རྣམ་པ་ཙམ་དུ་ལུས་པ་ལས། འཆར་གཞི་ཡོད་ལ་སྒྲིག་འཛུགས་ལྡན་པ་དང་། རྒྱ་སྒྱུར་གྱི་གཅིག་གྱུར་སྒྲིག་སྲོལ་ཞིབ་ཕྲ་ཡོད་པའི་ལས་དོན་སྤེལ་ཐུབ་མེད་པ་རེད། དེ་ལྟའི་དོན་དངོས་ལ་གཞིགས་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་གྲྭ་གཙོ་བོ་གླིང་སྒྲུང་རྒྱ་སྒྱུར་གྱི་རྣམ་གྲངས་སྤྱི་ལོ་2013ལོར་འགོ་བརྩམས་ཡོད་ཅིང་། ལས་དོན་དེའི་ཞིབ་ཕྲའི་འཆར་གཞི་དང་། བྱ་རིམ། ཆེད་ལས་མཁས་པ་སྒྲིག་འཛུགས་དང་ལས་བགོས་སོགས་ཀྱི་ལས་འགན་ཚང་མ་རྒྱང་འཁོར་ཚེ་ཕུན་ལགས་ཀྱིས་བསྣམས་ཡོད་པ་དང་། རྒྱལ་ཡོངས་ཁྱོན་ནས་ཆེད་མཁས་པ་ལྔ་བཅུ་སྒྲིག་འཛུགས་ཀྱིས་སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང་དཔེ་ཚོགས་ལས་སྒྲུང་དཔེ་30རྒྱ་ཡིག་ཏུ་སྒྱུར་འགོ་ཚུགས་ཡོད་པ་རེད།
          གསར་འགོད་པས་བཅར་འདྲི་ཞུ་བའི་ཉིན་དེར་ཐོག་བརྩེགས་ལྔའི་གཞུང་ལས་ཁང་དུ་ཁུ་སིམ་བུར་གནས་པའི་རྒྱང་འཁོར་ཚེ་ཕུན་ལགས་ཀྱིས་སྒྲོག་ཙེའི་ཐོག་ཡིག་ཚགས་ལུང་པ་གང་སྤུངས་ནས་དབྱེ་ཞིབ་གནང་བཞིན་འདུག་ཅིང་། དེ་དག་ཅི་ཡིན་སྐོར་བཀའ་འདྲི་ཞུ་སྐབས། དེ་དག་ནི་བོད་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་རིག་གནས་ལས་གཞི་སྟེ། 《གླིང་སྒྲུང》རྒྱ་སྒྱུར་གྱི་ལས་གྲྭ་དང་། 《དམངས་ཁྲོད་སྒྲུང་པ་སྒེར་གྱི་ཁྱད་ཆོས་མཚོན་པའི་གླིང་སྒྲུང》དཔེ་ཚོགས་ལེགས་སྒྲིག་པར་སྐྲུན་གྱི་སྔོན་གྲབས་ཡིན་འདུག ལས་རིམ་དེ་དག་རྙོག་འཛིང་ཆེ་ཡང་ལེགས་གྲུབ་བྱུང་རྗེས་ཀུན་གྱི་ཤིས་བརྗོད་ཐོབ་པ་དང་། བོད་ཀྱི་རིག་གནས་བང་མཛོད་ཕྱུག་ཏུ་གཏོང་བའི་ལེགས་སྐྱེས་གསར་པ་ཞིག་རེད་ཅེས་ཞུ་སྐབས་ཁོང་གིས། ད་དུང་རང་ཉིད་ནས་འགན་འཁུར་ཏེ“བོད་ཀྱི་དམངས་ཁྲོད་བཤད་པ་འཚོལ་བསྡུ་ལེགས་སྒྲིག་དང་ཞིབ་འཇུག”ཅེས་པ་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ནུབ་རྒྱུད་རྣམ་གྲངས“ཤར་པའི་མི་རིགས་གཏོགས་ཁོངས་སྐོར་གྱི་བརྟག་དཔྱད་ཞིབ་འཇུག”ཅེས་པའི་རྣམ་གྲངས་གཉིས་ལག་བསྟར་བྱེད་བཞིན་ཡོད་ལ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་ཤར་པ་བ་དེ་མི་རིགས་གང་གི་ཁོངས་སུ་གཏོཌ་པའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་གསུངས་ཀྱི་འདུག
རྒྱང་འཁོར་ཚེ་ཕུན་ལགས་དང་སྒྲུང་མཁན་མཉམ་དུ་གཞི་རིམ་དུ་སྐྱོད་པ། 
 
 
 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1