གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༠༢ཉིན།

༄༅།། སྡེ་གྲོང་འདིའི་མི་ཁ།

        སྡེ་གྲོང་འདིར། ཚིག་ལ་རྭ་དང་རྭ་ལ་ཙོར་ལོ་འདོགས་མཁན་གྱི་སྐྱེས་པ། སྐྱེས་མ། དཔོན་པོ་དང་འབངས་མི། ལོ་ལོན་དང་བྱིས་པ་ཚོ། གཟན་ལ་འདུར་བའི་རི་སྤྱང་བཞིན། རི་གསུམ་གྱི་རྩེ་དང་ལུང་གསུམ་གྱི་མདོ་ན། འདུར་རྒྱུགས་ཀྱིས་འཚོ་ཞིང་། འཚོལ་སྙེག་གིས་འདུར།
        དམའ་མོ་སྤང་གཞོང་ནས་རྣ་བ་ཁྲུ་གང་བླགས་ཤིང་། མཐོན་པོ་རི་རྩེ་ནས་འདྲེན་བྱེད་ཁ་གང་བགྲད་དེ། ཉིན་མོའི་རི་སུལ་ལ་རྒྱང་ལྟ་བྱས་ཤིང་། མཚན་མོའི་རུམ་ཁ་ལ་ལྐོགས་ཉན་བརྒྱབ་ནས། སྡེ་གྲོང་ཧྲིལ་པོ་འུར་ལ་བསྐུར་འགྲོ།
        སྡེ་ཆེན་པོའི་མི་ཁ་རྒོད་ས་ན། ནང་ན་ཟླའི་རྩེ་མཚར་མོད་ས་ན། གཏམ་ཚིག་གསུམ་རྣ་ལ་རག་ཚེ་མ་དྲིས་པར་བཤད་འགྲོ་ལ། ལས་གང་ཞིག་མིག་གིས་མཐོང་ཚེ་སྒྲོ་འདོགས་ཀྱི་ཐབས་ལམ་སྤྱད་ནས་གླིང་བཞིར་སྤུར་བ་ཆོས་ཉིད་ཡིན།
        སྡེ་གྲོང་འདི། དཔའ་བོ་ཇག་ལ་ཆས་པའི་འཐབ་ར་ཞིག་གམ། སྨན་ཤར་གནས་ལ་འགྲོ་སའི་ཁྱིམ་གཞིས་ཤིག ཡང་ན། མཁས་ཆེན་ཞབས་ཀྱིས་བཅགས་པའི་གདན་ས་ཞིག གེ་སར་རྟ་རྒྱུགས་བྱེད་སའི་ཐང་ཆེན་ཞིག གང་ལྟར། གནས་འདིའི་གཏམ་ཡན་གྱི་རླུང་བུ་རྒོད་ཅིང་། རེ་བའི་གཙང་ཆེན་ལ་འགྲམ་དར་ཆགས་འདུག
        དྲིན་ཨ་མས་ཆུ་མོ་དཀྲུགས་ནས་མར་ལོ་བླངས་ཚུལ། ཡབ་དམ་པས་རྡོ་བ་བཙས་ནས་ཁུ་བ་བཙགས་ཚུལ། རྨ་ཆེན་གངས་རི་དང་། ཇོ་མོ་བླ་རི། ད་དུང་ཁྲི་ཤོར་རྒྱལ་མོ། ཡར་ཀླུང་གཙང་པོའི་ངོགས་ནས་རླབས་སྒྲ་བཞིན་བརྡོལ་བཞིན་ཡོད་ལ། ལྷགས་རླུང་ལྟར་ལྡང་བཞིན་འདུག་ཀྱང་། དེ་ནི་ལོ་རྒྱུས་ཤིག་རེད། གཏམ་རྒྱུད་ཅིག་རེད། ཁ་ཕོ་ཞིག་རེད།
        སྡེ་གྲོང་འདིར། རུ་དམར་རྐྱང་ལ་འདྲེས་པ་གཏམ་ཡན་ཞིག་རེད། རྐྱང་དམར་བང་ཁ་མགྱོགས་པའང་གླེང་ཕྱོགས་ཤིག་རེད། གནས་འདིར་ཆར་ཆུ་དཀོན་ཡང་། མི་ཁའི་ལྗང་ལོ་སྔར་ལྟར་རྒྱས་བཞིན་འདུག་ལ། གནས་འདིར་བུད་ཤིང་མེད་ཀྱང་། མི་ཁའི་མེ་ལྕེ་སྔར་ལྟར་འབར་བཞིན་འདུག ད་དུང་གནས་འདི་ན་གྲང་ངར་རྒོད་ཀྱང་། མི་ཁའི་ཆུ་མོ་ལ་ཅིའི་ཕྱིར་འགྲམ་དར་མ་ཆགས།
        གནས་འདིའི་མི་ཁ། འཆི་མེད་རྒས་མེད་ཀྱི་ཚེ་རིང་བུ། རྡོ་རྗེ་བྲག ཁྱིམ་ཚང་ཕྱུག་པོ་ཚང་གི་ནང་གྲོས་ན། དཔོན་པོ་སྐུ་བསོད་ཅན་གྱི་སྒྲིག་ཡིག་ན། དགོན་པ་སྡོམ་ཁྲིམས་ཅན་གྱི་བཅའ་ཁྲིམས་ན། ཉིན་མོའི་འུག་པ་བཞིན་སྐུང་ནས་འདུག་ལ། མཚན་མོའི་རི་སྤྱང་བཞིན་འཇབ་ནས་འགྲོ ལ་དགུ་ལུང་བརྒྱད་ལ་འདུར་རྒྱུགས་བྱེད་ཅིང་། ཕྱི་ནང་གསང་གསུམ་ལ་སྔོག་བཤེར་བརྒྱབ་ནས། ཚིག་གསུམ་རླུང་རྟ་རུ་སྤུར་ནས། ལས་གང་ཁ་བ་ལྟར་བྱོ་འགྲོ། ཡག་པ་བྱེའུ་འདྲ། སྙིང་རྗེ་འབུ་འབུ་འདྲ། ཡིག་ནོར་དང་ཚིག་སྐྱོན་ལ་སྡེབས་ནས་བཤད་འགྲོ་ལ། མངོན་བརྗོད་དང་བརྡ་རྙིང་ལ་བརྒྱུས་ནས་བསྒྲགས་འགྲོ་ཡང་། ཡང་སྙིང་དེ་ནི་མི་ཁ་རེད། བཤད་ཡམས་རེད། ཕུང་དཀྲུགས་རེད། སོག་ལེ་རེད། སྟ་རེ་རེད། སྤུ་གྲི་རེད། མི་ཁ་འདིས་ངའི་ལུས་ཀྱི་ཕྱི་ནང་ལ་རྨ་ཁ་མེད་པའི་རྨ་ཁ་གང་མང་བཟོས་སོང་། མི་ཁ་འདིས་ངའི་རེ་བའི་རི་བོ་སྙིལ་ཞིང་སྤོབས་པའི་མེ་ལྕེ་གཟིམ་སོང་།
        སྡེ་གྲོང་འདིར། སྦྲ་མཐའ་བསྐོར་ནས་མིག་རེད། སྡེ་མཐའ་བསྐོར་ནས་རྣ་རེད། མི་ཁ་ནི་ལྕགས་མདའ་དང་འདྲ་བར་ནམ་རྒྱུན་ཁྱོད་ཀྱི་སྙིང་ལ་ཟུག་ཉེན་ཆེ། ཟུག་ཉེན་ཆེ། །  

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1